ངས་ཕ་ཡུལ་དྲན་སྟངས།

19/09/2012 17:58

 

འབྲོག་པས་གཡག་རོག་དྲན་པའི་སྙན་ངག་འབྲི།།
འབྲོག་པས་གཡང་དཀར་དྲན་པའི་སྐྱོ་གླུ་ལེན།།
འོན་ཀྱང་རོང་བས་བོང་བུ་དྲན་པ་དང་།།
ཕག་པ་དྲན་པའི་སྙན་ངག་ད་སྔ་མེད།།

སྒོ་ཟོག་གཡག་དང་བོང་བུའི་ཁྱད་པར་ཅི།།
དེ་བཞིན་ལུག་དང་ཕག་ལ་མཆོག་དམན་གང་།།
རོང་འབྲོག་དཀའ་སྡུག་གཡག་དང་བོང་བུས་བསྐྱེད།།
རོང་འབྲོག་ཁ་ལྟོ་ཕག་དང་ལུག་ལ་བསྟེན།།

ད་དུང་འབྲོག་པས་ཕ་ཡུལ་དྲན་པའི་གཏམ།།
ཕལ་ཆེ་སྤང་དང་སྦྲ་ནག་གཉིས་ལ་སྦྱར།།
འོན་ཀྱང་རོང་བས་ཞིང་ཁ་དྲན་པ་དང་།།
ས་མཁར་སྐྱ་བོ་དྲན་པའི་སྐད་ཆ་ཉུང་།།

དེས་ན་སྒོ་ཟོག་བོང་བུ་ཕག་པ་བྱ།།
ར་མ་བ་མོ་ཞིང་ཁ་ཆུ་རྐ་སོགས།།
ཕྱུག་དང་ཁོར་ཡུག་འབྲོག་དང་མི་འདྲ་བའི།།
ཕ་ཡུལ་དྲན་པའི་སྙན་ངག་བདག་གིས་འབྲི།།

རྨ་ཆུ་གཙང་མོས་དཔལ་དར་འཐེན་འདྲ་དང་།།
ལོ་ལེགས་སྙེ་མས་མཆོད་པ་འབུལ་འདྲ་བ།།
རྒྱབ་རིའི་ནགས་ཀྱིས་ལ་རྩེ་གཏད་འདྲ་བའི།།
ས་མཁར་ཤིང་སྒོ་ཅན་གྱི་ཕ་ཡུལ་དྲན།།

ལོ་ལོན་རྒན་པ་མ་ཎི་ཁང་དུ་འདུས།།
ཕོ་སར་མོ་གསར་སྲང་དང་ལམ་དུ་འཛོམས།།
བྱིས་པ་ན་ཆུང་གཡུལ་ཁ་ནང་དུ་འཚོགས།།
ལོ་མཉམ་སྐོར་འཚོགས་བྱེད་སའི་ཕ་ཡུལ་དྲན།།

ཕྱི་ན་འབྲས་ལྡན་ཞིང་དང་ལྗོན་པ་མང་།།
ནང་ན་བོང་བུ་གླང་དང་ར་མ་ཕག །
ད་དུང་ཁྱིམ་བྱ་ལ་སོགས་སྒོ་ཕྱུག་གི །
འབྱོར་བ་རྒྱ་མཚོ་འཕྱུར་བའི་ཕ་ཡུལ་དྲན།།

དཔྱིད་ཀའི་ས་བོན་གླང་དང་བོང་བུས་བཏབ།།
དབྱར་གྱི་ཡུར་མ་བུ་མོའི་ལག་པས་ཡུར།།
སྟོན་གྱི་སྙེ་མ་མ་ལོའི་ཟོག་བས་བྲེགས།།
རོང་བའི་འཚོ་རྟེན་ཞིང་ཁ་གྲུ་བཞི་དྲན།།

དམན་ཆུང་སྙིང་གི་མཛའ་གླུ་ཞིང་ཁར་ལེན།།
སྟག་ཤར་གཞོན་པའི་རྒྱང་འབུད་ཞིང་ཁར་ཐོས།།
ན་གཞོན་ཕོ་མོའི་བརྩེ་དུང་ཆགས་སའི་ཞིང་།།
ད་དུང་མིག་ལམ་ཞིག་ན་སྔོ་ལྗང་ལྗང་།།

ཤིང་རྟ་བོང་བུས་འདྲེན་པའི་རོང་ཡུལ་ན།།
གཡག་རོག་རྩེན་པའི་སྤང་ཐང་མེད་ན་ཡང་།།
བོང་བུའི་གོམ་པ་འགྲན་པའི་སྐྱ་མོ་ལམ།།
ཚངས་པའི་ཐིག་རིས་ས་ལ་འཐེན་པ་ཡོད།།

ཁྱོད་ཀྱི་བོང་རྒན་སྐྱ་ལི་གོང་བདེ་ན།།
ང་ཡི་བོང་བུ་རྣ་རིང་བང་མགྱོགས་ཞེས།།
ཞྭ་མོ་རྟ་ལྕག་བྱས་ནས་བོང་བུར་གཅར།།
ལམ་ཁ་རྡུལ་དཀར་བསླངས་པའི་བོང་རྒྱུག་དྲན།།

རྟ་མཆོག་མིན་ཡང་ཁ་ལ་ལྕགས་སྲབ་དགོས།།
དུད་འགྲོ་ཡིན་ཡང་བཤད་ན་མི་སྐད་གོ །
བོང་རྒྱུག་བྱས་ན་ནམ་ཡང་ཨང་དང་པོ།།
ངེད་ཚང་བོང་རྒན་སྐྱ་ལྡང་ལྷག་ཏུ་དྲན།།

ལྟོ་བ་རྒྱགས་ན་ཉིན་གང་ཉལ་ནས་འདུག །
ལྟོགས་པའི་ཚེ་ན་གྱང་རྟིང་སྣ་ཡིས་བསློགས།།
ཕག་ཁང་མེད་ན་ཞིང་ཁར་ཤོར་འགྲོ་བའི།།
ཕག་ཕྲུག་བདུན་ཅན་ཕག་མ་དེ་ཡང་དྲན།།

ར་མ་ལྔ་བཅུ་ནང་གི་རྭ་ཡག་མ།།
རེ་འུ་མཚེ་མ་རྩེབ་པའི་གཡང་ལྷ་མ།།
ར་མ་ག་གཞི་མ་དང་མི་འཆམ་པ།།
ར་མ་གཡང་དཀར་མ་ཡི་འོ་མ་དྲན།།

སྒོ་ཟོག་དྲན་པའི་སེམས་པ་དཀར་པོའི་མདངས།།
རྒྱང་རིང་ས་མཐའ་བུད་ན་ཇེ་དཀར་རེད།།
འབྲོག་པས་སྒོ་ཟོག་གཡག་རོག་དྲན་པ་དང་།།
ང་ཡིས་བོང་བུ་དྲན་ལ་ཁྱད་པར་ཆེ།།

བོང་བུར་ཞོན་ནས་ར་མ་རི་ནས་འཚོས།།
སླེ་བོ་འཁུར་ནས་ཕག་སྟུག་སྲང་ནས་བཏུས།།
ཞིང་ཁའི་ལྡུམ་བུ་བཅད་ནས་བ་གླང་བཟོས།།
དཀའ་ལས་ཅུང་ཟད་མྱངས་པའི་ཡུལ་དེ་དྲན།།

ར་མ་རི་ཅོག་བཅད་ནས་དམག་ཞྭ་བཟོས།།
སྐྱེར་བའི་ཡལ་ཀ་བཅགས་ནས་མེ་མདའ་བྱས།།
དགྲ་དམག་སྣ་ནག་ཟེར་ནས་དམག་འཁྲུག་བརྒྱབས།།
བྱིས་པའི་མཆོངས་རྒོལ་བྱེད་སའི་སྡོང་ར་དྲན།།

ཁོར་ཡུག་སྒོ་ཟོག་བྱིས་པའི་འཚོ་བ་དག །
སྙན་ངག་པ་ཡི་ལྕེ་ན་མེད་ན་ཡང་།།
ཁོ་བོའི་སེམས་ན་མ་བྲིས་རི་མོ་གསལ།།
དེ་ཡིས་ཕ་ཡུལ་དྲན་པའི་སྙན་ངག་བྲིས།།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།