ངོ་མ་བརྗེད་མེད།

22/07/2014 18:04



       ངོ་མ་བརྗེད་མེད།

འབའ་སྲས།

སྐུ་གཟུགས་སྨྱུག་མ་འདྲ་བ།།
ཞལ་རས་ཟླ་བ་དང་མཚུངས།།
ཐག་རིང་སྙིང་གི་མཛའ་མོ།།
མ་མཇལ་ཡུན་རིང་འགོར་སོང་།།

མ་བྲིས་སེམས་ཀྱི་རི་མོ།།
མ་བསྒོམ་རང་བྱུང་ལྷ་མོ།།
དུས་ཚོད་སྐར་མདའི་བར་ནས།།
མ་དྲན་ཉིན་མཚན་གཅིག་མེད།།

སྤྲིན་པ་ལྷོ་འགྲོ་བྱང་འགྲོ །
ཆུ་བོ་ཕར་བཞུར་ཚུར་བཞུར།།
ང་ཡང་བྲེལ་འཚུབ་ཆེ་བས།།
ཁ་པར་གཏོང་ཁོམ་མ་བྱུང་།།

ཉི་མ་བཞུད་སོང་མ་བསམ།།
མེ་ཏོག་སྐམ་སོང་མ་འདོད།།
དྲན་པའི་སྙིང་གི་དབུས་ན།།
རོགས་ཁྱོད་ལྷམ་མེར་བཞད་ཡོད།།

གནམ་ངོ་ཐང་སོང་མ་བསམ།།
ཆར་བ་ཆད་སོང་མ་འདོད།།
ཡ་ཐོད་མིག་གི་མཐའ་ན།།
དྲན་པའི་མིག་ཆུ་བསྐྱིལ་ཡོད།།

བྲག་རི་འཇིག་སོང་མ་བསམ།།
རི་བོ་བསྙིལ་སོང་མ་འདོད།།
དྲན་གདུང་སེམས་ཀྱི་རྡོ་རིང་།།
སྙིང་གི་དབུས་ན་འགྱིངས་ཡོད།།

ཁོམ་མེད་བྱ་བའི་དབང་གིས།།
མཇལ་བའི་ཉི་མ་ཉུང་ཡང་།།
བརྩེ་བའི་དར་ཐག་དཀར་པོ།།
ནམ་ཡང་ཆད་འགྲོ་མ་བསམ།།

ཁྱོད་ཀྱིས་དྲན་ནམ་ཞེས་པའི།།
སྐད་ཆ་འདྲི་དགོས་མི་འདུག །
འགྲོ་བའི་གོམ་པའི་བར་ནས།།
དྲན་པས་འགྱེལ་བ་ཐེངས་མང་།།

ཁ་ཡག་བཤད་དགོས་མི་འདུག །
རྫུན་ཡང་ཅི་ལ་སྨྲ་འདོད།།
ཡ་ཆུང་དྲན་པའི་སེམས་གཏམ།།
ཁོག་ལ་བཅུག་ཀྱང་མི་ཤོང་།།

ཁྱེད་ཉིད་དྲན་པའི་སེམས་པ།།
རྡོ་བཞིན་མཚོ་རུ་འཕངས་མེད།།
གསལ་བའི་ཡི་གེར་བཀོད་དེ།།
བརྗེད་མེད་དཔང་ཡིག་བྱས་ཡོད།།

༡༣/༡༡/༡༣ སྐྱ་རེངས་ཀྱི་དུས་སུ།



Sent from my iPhone

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།