ཉེ་ཁོར་ནས་བཏུས་པའི་སྙན་ངག

02/07/2012 12:32



རེས་གཟའ་སྤེན་པའི་ཕྱི་དྲོ་གུང་གསེང་ཡིན་ཡང་།།
བདག་གིས་བུ་འདི་རྐང་རྩལ་སྤོ་ལོར་དགའ་བས།།
རྩྭ་རྫུན་བཀྲམ་པའི་ཐང་ཁུག་ཅིག་ལ་སོང་ནས།།
སྒལ་བ་ཉི་མར་གཏད་ནས་འདུག་དགོས་བྱུང་སོང་།།

ཀུ་ཤུའི་རྟགས་ཅན་ཁ་པར་ལག་ན་ཡོད་པས།།
དབྱངས་གསལ་སོ་བཞི་དྲན་པའི་ངོས་ན་གསལ་བས།།
ཆུ་ཚོད་ཕྱེད་རིང་གཉིད་ནས་འདུག་དགོས་མ་བྱུང་།།
རང་ཉིད་སྡོད་སའི་ཉེ་ཁོར་ཡིད་ལ་ཤར་སོང་།།

ཤ་མདོག་གདོང་རིས་མི་གཅིག་མི་རིགས་སྣ་མང་།།
ཡུལ་སྲོལ་གོམས་གཤིས་མི་མཚུངས་བསམ་བློ་ཐ་དད།།
ཟ་སྟངས་འཐུང་སྟངས་མི་འདྲ་རང་རང་སོ་སོ།།
ཉལ་དུས་ལངས་དུས་མི་མཉམ་ལས་ཀ་ཁ་ཁ།།

སྡོད་ཁང་འདི་རུ་བསྡད་ནས་ཡུན་རིང་འགོར་ཡང་།།
གཡས་གཡོན་ཁྱིམ་མཚེས་ཕོ་ཡིན་མོ་ཡིན་མ་ཤེས།།
མཚན་མོར་བསྒྲོན་བའི་གློག་གི་འོད་ཙམ་མ་གཏོགས།།
ནང་དུ་མི་ཡོད་བརྗོད་ན་རྫུན་དུ་ཆས་འགྲོ།

ཡར་མར་འགྲོ་བའི་རྐང་པའི་ཐག་སྒྲ་མི་ཐོས།།
བཟའ་མི་མང་ཡང་བཤད་པའི་སྐད་མགོ་མི་མཐོ།།
རང་རང་ས་ནས་ཁུག་སིམ་སྡོད་དགོས་ཁྲིམས་འདིས།།
མགྲོན་པོ་མང་བའི་ངེད་ཚང་དཀའ་ངལ་བཟོས་སོང་།།

རྡོ་དང་ལྕགས་ཀྱིས་མ་བཀབ་འབྲོག་པའི་སྦྲ་རུ།།
ཁྱིམ་མཚེས་འཛེམ་དོགས་མི་དགོས་རོང་བའི་ཁྱིམ་དུ།།
སྐད་མགོ་ཇི་ལྟར་མཐོ་ཡང་ཇུས་གཏོགས་མེད་པས།།
བོད་པའི་སྡོད་ཁྱིམ་དེ་ཡི་སྐྱིད་ཅིག་མེད་དོ །།

བཤད་པའི་སྐད་མགོ་མཐོ་ན་ཁྱིམ་མཚེས་སྡང་ཡོང་།།
འགྲོ་སའི་ལམ་ཁ་ནོར་ན་ཁྲིམས་དང་འགལ་འགྲོ།།
གོམ་པ་རེ་རེའི་ཁྲོད་ན་ཤེས་བྱ་མང་བའི།།
ཕྱི་རྒྱལ་ཡུལ་སྲོལ་འདི་ལ་མགོ་བོ་ན་སོང་།།

སྤྲིན་དཀར་གླང་བོའི་གཟུགས་ལ་ལྟད་མོ་ལྟ་ཞོར།།
མཛེས་སྡུག་མེ་ཏོག་འདབ་མ་ལག་པས་མཉེན་བཞིན།།
ཞེ་མཐུན་རོགས་ལོ་ཟེར་ནས་ལ་གཞས་སིང་སིང་།།
གཡང་དཀར་ལུག་གི་རྗེས་ནས་བླངས་ན་སྐྱིད་ཨང་།།

ཕ་རི་སི་འདི་གནའ་ནས་གྲག་སྐད་ཆེ་ཞིང་།།
སྟོབས་འབྱོར་ཆེ་ཆེར་ལྡན་པའི་ལོ་རྒྱུས་རིང་ཡང་།།
ཕ་མ་བུ་ཕྲུག་བར་ན་བརྩེ་འདང་ཞན་པ།།
ནུབ་ཕྱོགས་རྒྱལ་ཁབ་དག་དང་ཕལ་ཆེར་འདྲ་འོ།།

དགའ་རོགས་སྐྱོ་རོགས་ཁྱི་དང་ཞི་མི་ཡིན་པའི།།
རྒན་རྒོན་འདི་ཚོ་མཐོང་ན་སྙིང་རྗེ་བསྐྱེད་ཡོང་།།
བུ་གསུམ་ཡོད་ཀྱང་རང་ལོ་བཅོ་བརྒྱད་ཟིན་དུས།།
ལོགས་སུ་བཀར་ནས་འདུག་དགོས་སྲོལ་འདི་ངན་པ།།

ཆོས་ལུགས་ཡོད་ཀྱང་ཁ་ནས་འདོན་པ་མེད་ལ།།
བུ་ཕྲུག་ཡོད་ཀྱང་རྒས་དུས་གཉོར་མཁན་མེད་པའི།།
བགྲེས་པའི་ལས་དབང་ཁྱི་དང་ཞི་མིར་བཅོལ་དགོས།།
ལས་དབང་འདི་འདྲ་དཀོན་མཆོག་སུ་ཡིས་གནང་ངམ།།

གཡས་སྐྱོར་གཡོན་སྐྱོར་བྱེད་མཁན་བུ་དང་ཚ་བོ།།
ཁ་ནས་འདོན་པ་གཟུངས་མཆོག་མ་ཎི་ཡིག་དྲུག །
བགྲེས་པའི་གཉེར་མའི་གསེབ་ན་འཛུམ་མདངས་གྱི་ལེར།།
བོད་པའི་རྒན་རྒོན་རྣམ་པ་བསོད་ནམས་ཆེ་ཨང་།།

ཕྱི་ཡི་སྟོབས་འབྱོར་ཕྱི་རྒྱལ་ཡུལ་འདི་ཆེ་ཡང་།།
ནང་སེམས་སྟོབས་འབྱོར་བོད་དང་འགྲན་པར་དཀའ་བས།།
ཕྱི་གླིང་བུ་མོ་བོད་པའི་བུ་ལ་དགའ་བ།།
འདོམ་གྱི་དབྱུག་པ་མཁྲེགས་པ་གཅིག་བུས་མ་ཡིན།།

སྤང་ཁུག་འདི་ནས་དེ་རིང་ཡུན་ཙམ་བསྡད་པ།།
དབྱངས་གསལ་སོ་བཞིའི་སྐད་དང་བྲལ་བར་མ་བྱས།།
ནུབ་ཕྱོགས་ཕ་རི་སི་ཡི་ཉེ་ཁོར་ཙམ་ཞིག །
ཀུ་ཤུའི་རྟགས་ཅན་ངོས་ལ་ཤར་མར་བྲིས་སོ།།

 

· ·

 

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།