ཐག་རིང་དུ་འཕུར་བ།
22/07/2014 17:19
ཐག་རིང་དུ་འཕུར་བ།
འབའ་སྲས།
ང་ནི་ཐག་རིང་ཞིག་ལ་འཕུར་བར་འདོད།།
ཐག་རིང་ལམ་དེ་ཡངས་ཤིང་རིང་བར་འཐེན།།
འོན་ཀྱང་རྟ་དང་རླངས་འཁོར་བརྟེན་མི་བྱེད།།
རང་གི་གཤོག་པ་གཉིས་ལ་བརྟེན་ཏེ་འཕུར།།
མགྱོགས་འགྲོ་འཕྲུལ་དང་གླང་བོ་ཤིང་རྟ་ཡིས།།
ཐང་རིང་གང་གི་ཡུལ་དུ་བསྐྱེལ་བྱས་ཀྱང་།།
དེ་ནི་གཞན་གྱིས་སྐྱབས་ཏེ་བསླེབས་པ་ལས།།
རང་གིས་འབད་དང་བརྩོན་པའི་རྒྱལ་ཁ་མིན།།
དེའི་ཕྱིར་ཡངས་ཤིང་ཆེ་བའི་འཇིག་རྟེན་འདིའི།།
ཧ་ཅང་དོག་པའི་འཚོ་བ་སྐྱུར་མོ་འདིར།།
ཞེན་ཆགས་ཕྱིར་མིག་ལྟ་བ་ལྡོག་བྱས་ཏེ།།
རང་ཉིད་འཕུར་བར་འདོད་པའི་ཡུལ་དེ་འཚོལ།།
ཡུལ་དེར་དབྱངས་ཅན་ངག་གི་དགྱེས་གླུ་ཐོས།།
གནས་དེར་མཛེས་མ་སྟོང་གི་སྒེག་ཉམས་མཐོང་།།
དེ་ན་སྒྱུ་རྩལ་པ་ཡི་རོལ་རྩལ་མངོན།།
སྔོན་ན་མ་རོལ་ཕུན་ཚོགས་དེ་རུ་མཆིས།།
ཡུལ་དེར་རྒས་པས་འཆི་བ་གསོན་པ་འདྲ།།
བཀྲེས་ཤིང་སྐོམ་པའི་འཚོ་བ་སྟོབས་དང་ལྡན།།
དེ་མིན་མ་ཤི་ན་ཡང་མི་གཟུགས་ཙམ།།
ཤི་ཡང་མི་རོ་བསྲེགས་པའི་ཐལ་བ་འོ།།
༢༧/༠༩/༡༣
———
Back


