དཀར་ངོགས་འཚོལ་བ།
22/07/2014 17:56 དཀར་ངོགས་འཚོལ་བ།
འབའ་སྲས།
ཁྱེད་ཀྱི་བྲང་གཞོང་ན་མི་དྲོད་ཡོད་ཟེར།།
ང་ཡི་སེམས་གཏིང་གི་འཁྱག་རོམ་མཐུག་གོ །
ཁྱེད་ཀྱི་ཕྱག་མཐིལ་ན་བདེ་སྐྱིད་མངའ་ཟེར།།
ང་ཡི་སྙིང་དབུས་ཀྱི་མྱ་ངན་ལྕི་འོ།།
ཁྱེད་ཀྱི་སྤྱན་ཟུང་གི་ཟུར་མིག་རྣོ་ཟེར།།
ང་ཡི་རུས་རྐང་འདི་མ་ཕུག་ལྷག་ཡོད།།
ཁྱེད་ཀྱི་ཕྱག་ཟུང་གིས་འཇིག་རྟེན་ཕྱེས་ཟེར།།
ང་ཡི་ལུས་སྟེང་ན་དྲི་མ་མང་ངོ་།།
ཁྱེད་ཀྱི་སྐྲ་ལོ་ཡིས་རི་བོ་འཁེབ་ཟེར།།
ང་ཡི་ལུས་པོ་ནི་གཅེར་བུ་ཡིན་ནོ།།
ཁྱེད་ཀྱི་མིག་ཀོང་ལ་འོད་སྣང་འཁྱིལ་ཟེར།།
ང་ཡི་སེམས་པ་ལ་མུན་ནག་འཐིབས་ཡོད།།
དེ་བས་ཁྱེད་ཉིད་གོར་གོར་མ་གནང་།།
ང་ཡང་ནར་ནར་དབྱིབས་སུ་མི་འདུག །
ཁྱེད་རང་ཤར་ཤར་བུད་དེ་མ་འགྲོ །
ང་རང་སྐྱོ་སྐྱོའི་གནས་སུ་མ་འཇོག །
ཁྱེད་ཀྱིས་ང་རང་ཤོག་ཤོག་བོས་དང་།།
ང་ཡིས་ཁྱེད་ལ་མིན་མིན་མི་ཟེར།།
ཁྱེད་ནི་གཡས་འགྲོ་གཡོན་འགྲོ་གང་ཞིག །
ང་ཡང་དེ་རུ་དལ་གྱིས་ཡོང་ཆོག །
༢༡/༠༡/༡༤
Sent from my iPhone
———
Back


