དགའ་བོར་སྤྲིངས་པའི་འཕྲིན་གྱི་དཔེ་མཚོན།

03/12/2011 20:36

 

ཁྱོད་ཀྱི་མཛེས་པའི་ལང་ཚོ་ལྟ་ན་སྡུག །
ཁྱོད་ཀྱི་ཞེ་འདང་དྲོན་མོ་སྙིང་ལ་སིམ།།
ཁྱོད་ཀྱི་དུངས་པའི་སྐད་ཆ་རྣ་ལ་སྙན།།
ཁྱོད་ཀྱི་འགྲོ་འདུག་སྤྱོད་གསུམ་ཡིད་ཀར་འོང་།།

འཇིག་རྟེན་འདི་ན་བུད་མེད་མང་ན་ཡང་།།
བདག་གི་མིག་གིས་ཁྱེད་ཉིད་གཅིག་བུ་མཐོང་།།
མི་ཡི་སེམས་ལ་དྲན་རྒྱུ་མང་ན་ཡང་།།
བདག་གི་སེམས་སུ་ཁྱེད་ཉིད་གཅིག་བུ་དྲན།།

བླ་མའི་ལུང་བསྟན་ནང་ལ་ཁྱོད་མིང་འབབ།།
གྲྭ་བའི་མེ་ལོང་ནང་ལ་ཁྱོད་གཟུགས་ཤར།།
གང་ལ་སོང་ན་དེ་ནས་ཁྱོད་ལ་ཐུག །
ངེད་གཉིས་ལས་འགྲོ་ཡོད་པ་བདེན་པ་རེད།།

འཚོ་བ་ངེས་བརྟན་མེད་པའི་ས་མཐའ་ནས།།
སུ་གང་ཆ་རྒྱུས་མེད་པའི་མི་ཡུལ་ནས།།
ངེད་གཉིས་ཕན་ཚུན་གཅིག་ལ་གཅིག་བསྟེན་ནས།།
ཁྱིམ་ཞིག་བཟུང་ན་ཆོག་གམ་དགའ་སའི་རོགས།།

ཉིན་མོའི་སེམས་ལ་ཁྱེད་ཉིད་གཅིག་བུ་དྲན།།
མཚན་མོའི་རྨི་ལམ་དུ་འང་ཁྱེད་རང་རྨིས།།
ཉིན་མཚན་གཉིས་ལ་བདག་གི་རྣམ་ཤེས་འདི།།
ཁྱོད་ཀྱི་ཕྱོགས་ལ་འཁོར་ནས་ཡོད་ཡོད་རེད།།

མདང་དགོང་ཉལ་བའི་མཚན་མོའི་རྨི་ལམ་ནང་།།
ཁྱོད་དང་ང་གཉིས་སྤྲིན་གྱི་རྟ་བྱོན་ནས།།
ཡངས་པའི་ནམ་མཁའ་འཛིན་མའི་གཞི་བྱས་ཏེ།།
དམར་བའི་མེ་ཏོག་འཐུ་བའི་དགོད་སྒྲ་འབྱིན།།

ད་དུང་ཁྱེད་ཀྱི་འཇམ་མཉེན་ལག་པ་ཡིས།།
ཆུ་བོ་འགྲམ་དུ་སྐྱེས་པའི་མེ་ཏོག་གཅིག །
སོར་མོས་བཅད་དེ་འདི་ནི་ང་ཡིན་ཞེས།།
བདག་གིས་ལག་པའི་མཐིལ་ལ་བཞག་པ་རྨིས།།

ངས་ཀྱང་དམར་པོ་བྲག་གི་རྩེ་མོ་ནས།།
བྱ་རྒྱ་ཁྱུང་གི་སྒོ་ང་དཀར་པོ་ཞིག །
གཡུ་འབྲུག་འཁྱུག་པའི་རྩལ་གྱིས་བླངས་བྱས་ཏེ།།
འདི་ནི་ང་ཞེས་ཁྱོད་ལ་ཕུལ་བ་རྨིས།།

རྨི་ལམ་ཞིག་ལ་བདེན་ངེས་མ་མཆིས་ཀྱང་།།
བླ་མའི་ལུང་བསྟན་འདི་ལ་བདག་ཡིད་ཆེས།།
གྲྭ་བས་ཕྱག་མོ་གཟིགས་ལ་ནོར་བ་མེད།།
ད་ནི་ཁྱོད་ནི་བདག་གི་དགའ་མ་ལགས།།

འོ་རེད་བདག་གིས་ཁྱེད་ལ་ཚིག་གཅིག་འདྲི།།
ཁྱེད་ཀྱི་སེམས་སུ་ང་ནི་ཡོད་དམ་མེད།།
ཡོད་ན་ཡོད་པའི་ཚིག་གཅིག་བདག་ལ་བསྐུར།།
མེད་ན་མེད་པའི་རེ་ཐག་འདི་ནས་གཅོད།།

སེམས་ན་ཡོད་ཀྱང་མེད་མདོག་མ་བྱེད་རོགས།།
མི་ཚེ་ཞིག་གི་གལ་ཆེན་དོན་ཆེན་ཡིན།།
བུད་མེད་མང་ཆེ་ཡོད་ཀྱང་མེད་མདོག་གིས།།
ཧ་ཅང་རྫིག་རྫིག་བྱེད་ལ་དགའ་བོ་ཡོད།།

འདོད་པ་ཡོད་ན་ཡོད་ཅེས་ཐད་ཀར་ཤོད།།
མེད་ན་མེད་པའི་རྒྱུ་མཚན་དྲང་མོར་གསུངས།།
འདི་ལ་ངོ་ཚ་དགོས་པ་ཅི་ཡང་མེད།།
ཁ་སང་དེ་རིང་སྤྱི་ཚོགས་གསར་བ་རེད། 

ང་ཡིས་བལྟས་ན་ངེད་གཉིས་ཨ་འགྲིག་རེད།།
ཨ་འགྲིག་ནང་གི་ཆ་འགྲིག་གོ་འགྲིག་རེད།།
ཆ་ཞིག་སྒྲིག་རྒྱུ་ཡིན་མིན་ཁྱོད་ཀྱིས་ལྟོས།།
ང་ཡིས་ཨུ་ཚུགས་བྱས་ན་རྗེས་མར་ཕམ།།

དེ་རིང་ནས་བཟུང་ཟླ་བ་གཅིག་གི་རིང་།།
བདག་གིས་ཁྱེད་ཀྱི་འཕྲིན་ལ་སྒུག་ནས་འདུག །
སྒུག་པའི་འཕྲིན་ལ་ཕྱིར་ལན་མེད་སོང་ན།།
ང་ནི་ནམ་ཡང་ཁྱོད་ཀྱི་མིན་པའི་རྟགས།།

དེ་ནས་བཟུང་སྟེ་ཁྱོད་ཀྱིས་ང་རང་ལ།།
ཁ་པར་མ་གཏོང་བརྡ་འཕྲིན་མ་བསྐུར་རོགས།།
སྙན་སྙན་སྐད་ཆ་ཞིག་གིས་དུས་བསྐྱེལ་ན།།
སེམས་ཀྱི་དྲན་པ་ཞིག་ལས་ཅི་ཡང་མེད།།

མཐའ་དོན་ཁྱོད་ལ་བརྩེ་བ་དངོས་མ་ཞིག །
མི་ཚེ་རིང་མོར་འདུག་རོགས་བརྟན་པོ་ཞིག །
འཚོ་བའི་ནང་དུ་བདེ་སྐྱིད་ཡང་དག་ཅིག །
ཡོང་བར་འདོད་ན་བདག་ལ་འཕྲིན་ཞིག་བསྐུར།།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།