དགུན་དུས་ཀྱི་ཉི་འོད་དྲོན་པོ།

22/07/2014 09:54

         དགུན་དུས་ཀྱི་ཉི་འོད་དྲོན་པོ།


  - རྭ་རྒྱའི་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དབུ་བརྙེས་ནས་ལོ་འཁོར་ཉི་ཤུ་བར་ཕུལ་བ།


འབའ་སྲས།


འཇིགས༵་མེད༵་རིགས་ཞེན་གཤོག་པ་མཁའ་རུ་ལྡིང་།།

ལྷག་བསམ་དར་དཀར་རྒྱལ༵་མཚན༵་ཏོག་ཏུ་བཞེངས།།

གདོང་དམར་བོད་ཀྱི་ཤེད་བུ་ངོ་མ་ཁྱོད།།

ལག་ཟུང་ཁ་སྦྱོར་མཛེས་པའི་མེ་ཏོག་གཏོར།།


མི་འཇིག་བཛྲ༵་ཤེས་རིག་སྲོག་གི་སྙིང་།།

ཚུལ༵་ཁྲིམས༵་རབ་གཙང་འདུལ་བའི་ལུང་གི་རྒྱན།།

གཙུག་ལག་རྒྱ༵་མཚོར༵་བརྒལ་ལ་སྙེ་བའི་རྟེན།།

སློབ་དཔོན་གང་དེར་དད་པའི་སྤུ་ལོང་གཡོ།།


རྨོངས་པའི་མིག་ལྡོང༵་ཅན་ལ་དམིགས་ཀྱི་བུ།།

སྣ་མང་རིག་པའི་གཏེར་གྱི་ཡོན༵་འཛིན་མཁན།།

ནན་ཏན༵་བློ་ཡི་རིག་པར་བསྒྲིན་མེད་པ།།

རྒྱ༵་ཆེན་ཤེས་བྱའི་མཚོ༵་ཡི་གྲུ་བར་བཀུར།།


དེ་ཡང་ཁ་ཡག་ངོ་བསྟོད་གྲགས་པའི་ལུགས།།

རྒྱང་དུ་དོར་ཏེ་དངོས་བདེན་གཏམ་འདི་ཞུ།།

མཚན་མོ་ཉིན་མོར་བསྒྱུར་པ་མ་ཡིན་ཡང་།།

ཉིན་མོ་ཉིན་བཞིན་བྱས་པའི་ཚུལ་འདི་རྨད།།


སྨད་ཕྱོགས་རྒྱ་ཡི་འབྱོར་བས་མ་བསླུས་ཤིང་།།

སྟོད་ཕྱོགས་རྒྱ་གར་བཀའ་ཡིས་མ་བསྐུལ་བར།།

བར་མ་བོད་ཡུལ་སྲོག་གི་དར་ཆ་རུ།།

གཅེས་སེམས་རླུང་གིས་བསྒྲེངས་པའི་མཛད་པ་མཐོ།།


མདོ་སྨད་ཡུལ་གྱི་འབྲོག་པའི་རི་གསེབ་ན།།

ཤེས་རིག་འོད་ཟེར་འབྱེད་པའི་སྐར་མ་འབུམ།།

ཉི་མའི་འོད་དང་བསྡོངས་ཞེས་མགུ་བའི་གཏམ།།

ནུབ་ཕྱོགས་རྒྱལ་ཁབ་དག་ན་སྙན་པར་སྒྲོགས།།


ཟང་ཟིང་འབྱོར་བས་དཀྱིལ་འཁོར་མ་བཞེངས་ཤིང་།།

ལུང་བསྟན་བརྗིད་པོས་ཁྲི་ལ་མ་བསྐོས་ཀྱང་།།

མཁས་བཙུན་རིགས་གཅེས་མངའ་བའི་ཡོན་ཏན་གྱིས།།

ཕྱོགས་ཀྱི་རྐང་གཉིས་སེམས་ཀྱི་བརྟན་པ་འཕྲོག །


བོད་ཀྱི་མཁས་པ་མི་གསུམ་གྲགས་པ་ཡིས།།

བསྟན་པ་སླར་ཡང་མདོ་ཁམས་སྨད་ནས་གསོས།།

དེ་ལྟར་བོད་ཀྱི་ཤེས་རིག་གསོན་པའི་ཤུགས།།

རྭ་རྒྱའི་ཡུལ་ནས་བསྐྱེད་པའི་ཚུལ་འདི་འདྲ།།


མཚམས་སྤྲིན་དམར་བའི་བླ་གོས་སྐུ་ན་མཛེས།།

ཤེས་བྱའི་བདུད་རྩི་གསུང་གི་བུམ་པར་འཕྱོ།།

གདོང་དམར་བོད་ཀྱི་ལ་རྒྱ་ཐུགས་སུ་བརྟན།།

སྐུ་གསུང་ཐུགས་ཀྱི་མཛད་པ་ཉམས་མེད་ཤོག།


སློབ་གླིང་དེ་ཡི་སློབ་མ་མ་ཡིན་ལ།།

རྣམ་པ་གསུམ་གྱི་སློབ་ཁྲིད་མ་འཐོབ་མཁན།།

སྙན་ངག་སྨྲ་བ་རྣམས་ཀྱི་གྲལ་མཐའ་བ།།

འབའ་སྲས་འབོད་པས་ཧྥ་རན་སི་ནས་ཕུལ།།


༡༤/༠༧/༡༤ མཚན་གུང་དུ།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།