དཔའ་བོའི་རྗེས་དྲན།

16/10/2011 15:15

 


རབ་ཏུ་འབར་བའི་མེ་དཔུང་གི་དཀྱིལ་ན།།
ཁྱེད་ཀྱི་ལང་ཚོ་རྒྱལ་དར་ལ་སྤྲུལ་ནས།།
བོད་ཀྱི་རྒྱལ་གླུ་ལ་རྒྱའི་ངང་གྱེར་དུས།།
བདག་གི་མིག་ཆུ་སེམས་ཁུང་ནས་བཞུར་སོང་།།

ལ་རྒྱའི་འབྲུག་གི་རྟ་ཕོ་ལ་བཅིབས་ཏེ།།
ཁྱེད་ནི་སྲོང་བཙན་ལྷ་ལམ་དུ་བཞུད་རྗེས།།
བདག་གི་གསོད་འདེབ་འཇའ་ཚོན་ལ་སྤྲུལ་ནས།།
ཁྱེད་ཀྱི་རྗེས་ལ་མཛེས་པ་ཞིག་བསྐྲུན་ཡོད།།

ཁྱེད་ཀྱི་རྗེས་ན་ཁ་བརྒྱ་ཡི་ཚིག་གཅིག །
དཔའ་བོ་ངོ་མ་ཁྱོད་རེད་ཅེས་བརྗོད་ཀྱང་།།
ཁོ་ཚོའི་ཡ་ཆུང་སེམས་པ་ཡི་ཕུག་ན།།
ཁྱོད་ཤི་ང་གསོན་གཅིག་བུ་ལས་མེད་དོ།།

ས་ཡ་དྲུག་གི་བདེ་སྐྱིད་ཀྱི་དོན་ལ།།
ཁྱེད་ཀྱི་བདེ་སྐྱིད་མེ་ལྕེ་ལ་བསྲེགས་ཀྱང་།།
འདི་ན་ཚང་མ་སྤྲོ་དགའ་ལ་རོལ་བས།།
ཁྱེད་ཀྱི་མིག་མཐའ་མཆི་མ་ཡིས་བརླན་སྲིད།།

མིག་གི་མཆི་མ་རེ་བ་ལ་བཅངས་ནས།།
ཁྱེད་ནི་འགྲོ་བ་ཧ་ཅང་གིས་སྔ་སོང་།།
ད་དུང་འདི་ན་དགའ་མ་ཡི་རུམ་ནས།།
མྱོས་བུམ་འཇུབ་པའི་མཚན་གུང་གི་དུས་རེད།།

ལ་ལས་བཤད་ན་སྲོང་བཙན་གྱི་བུ་རྒྱུད།།
མཆེ་སྡེར་རྣོ་བ་ཁྱེད་རང་རེད་བརྗོད་བྱུང་།།
ལ་ལས་བཤད་ན་གླེན་པ་ཡི་གླང་ཕྲུག །
ཁྱེད་རང་མ་གཏོགས་གཞན་མེད་ཅེས་བཤད་སོང་།

བདག་གིས་བལྟས་ན་ཉིན་གུང་གི་ཉི་མ།།
མུག་ནག་མཚན་དཀྱིལ་ཉ་གང་གི་ཟླ་བ།།
ཁྱེད་རང་མ་གཏོགས་སུ་གང་ནི་མིན་པས།།
ཁྱེད་ཀྱི་རྗེས་ལ་མཆོད་མེ་ཞིག་བསྒྲོན་ཡོད།།

མཆོད་མེ་འདི་ཡི་འོད་སྣང་དང་བསྡོངས་ཏེ།།
ཁྱེད་ནི་སངས་རྒྱས་ཞིང་ཁམས་ལ་འཕུར་ནས།།
ནམ་ཡང་གདོང་དམར་བོད་པ་ཡི་དོན་ལ།།
སྲོང་བཙན་སྒམ་པོའི་ཐུགས་དམ་དེ་མ་བོར།།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།