དུས་མཐར་བསླེབས་པའི་ངའི་སྙན་ངག་གི་ཚེ་སྲོག

06/04/2012 17:21

    དེ་རིང་ཞོགས་པའི་ལས་ཀ་ཚར་རྗེས་ལམ་བར་གྱི་ཚོང་ཁང་ཞིག་ནས་རྒུན་འབྲུམ་ཆང་དམ་བུ་གཅིག་དང་། ཐ་མག་ཚོང་ཁང་ཞིག་ནས་ཐ་མག་བག་ཆ་གཅིག་ཉོས་ཏེ་ནང་དུ་ལོག་ཡོང་པ་ཡིན། དེ་རིང་ཕྱི་དྲོར་ལས་ཀ་མེད་པས་ནང་ནས་ཆང་ཞིག་འཐུང་ཤོར་སྙན་ངག་ཅིག་འབྲི་འདོད་པ་ཡིན།
  ང་ནང་དུ་བསླེབས་རྗེས་ཐེངས་དང་པོར་ཐབ་ཚང་ནང་དུ་ཡོང་བ་ཡིན། ངེད་བཟའ་མི་ཚོས་ནམ་རྒྱུན་ཟ་མ་ཟ་ས་ཐབ་ཚང་ནང་ཡིན་ལ། མ་གཞི་ནས་ང་ཐབ་ཚང་ནང་དུ་འདུག་རྒྱུར་ཧ་ཅང་དགའ། ཐབ་ཚང་གི་མདུན་ཅོག་སྟེང་ལ་འབྲས་དང་ཤ་ཡོད་ཚལ། ད་དུང་ང་རང་ཆེས་དགའ་སའི་ཨ་མདོའི་བག་ལེབ་ཐུག་པོ་ཞིག་བསྲེགས་ནས་བཞག་འདུག དེ་རིང་ཡང་ངའི་ཆུང་མས་ནམ་རྒྱུན་ལྟར་ངའི་ཉིན་གུང་གི་ཁ་ཟས་གྲ་སྒྲིག་བྱས་ནས་ལས་ཀར་འགྲོ་འདུག 

ངས་ཨ་མདོའི་བག་ལེབ་དང་ཚལ་ཅུང་ཙམ་ཟས་རྗེས་རྒུན་འབྲུམ་ཆང་གི་ཁ་ཕྱེས་ནས་བཏུང་འགོ་བརྩམས་པ་དང་། ཐ་མག་ཞིག་རྐང་གཅིག་ལ་མེ་བསྒྲོན་ཏེ་མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་ནང་ཆས། དགའ་འོས་པ་ཞིག་ལ་དེ་རིང་མཚོ་སྔོན་པོ་བོད་ཡིག་ཟིན་བྲིས་ཁ་འབྱེད་ཐུབ་པ་མ་ཟད། ཟིན་བྲིས་ཀྱང་སྤེལ་ཐུབ་པས་རང་གི་སྙན་ངག་གསར་བ་གསུམ་ཟིན་བྲིས་སུ་བཞག ཟིན་བྲིས་ནང་འཇུག་གྲུབ་རྗེས་དེ་རིང་སྙན་ངག་ཅི་ཞིག་འབྲི་དགོས་མིན་གྱི་ཐད་ལ་བསམ་བློ་བཏང་ཡང་ཡིད་ལ་ཅི་ཡང་དྲན་མ་སོང་། ཆང་མང་ཙམ་འཐུང་རྗེས་"ཁྱེད་ཀྱིས་སྙན་ངག་ཇི་ལྟར་འབྲི་བཞིན་ཡོད་"ཅེས་པའི་ཁ་བྱང་འདི་འདེམས་པ་ཡིན། ཁ་བྱང་འདི་དང་མཐུན་པའི་སྙན་ངག་ཅིག་འབྲི་འགོ་རྩོམ

    ཅུང་མ་འགོར་བར་ཆུང་མས་ཁ་པར་བསླེབས་བྱུང་། གང་ན་ཡོད་ནང་ལ་ཡོད་དམ་ཟེར། ཡོད་ཡོད་ཅེས་ཕྱིར་ལན་སྤྲད། ཁ་ལག་ཟས་ཚར་རམ་ཞེས་དྲིས་བྱུང་། ཟས་ཚར་ཞེས་བཤད། དེ་ནས་ཆུང་མས་ནང་དུ་བསྡད་འདོད་མེད་ན་ཕྱི་ལོག་ཏུ་སྤྲོ་འཆམ་དུ་སོང་ཟེར། དེ་རིང་རྣམ་གཤིས་འཁྱག་པས་ཕྱི་ལོག་ལ་འགྲོ་མི་འདོད། ནང་དུ་འདུག་རྒྱུ་ཡིན་ཞེས་བཤད། ཡང་ཆུང་མས་ཡང་མིན་ན་བློ་བཟང་བཀྲ་ཤིས་སམ་ཡང་ན་བསྟན་འཛིན་སྐད་བཏང་ནས་ནང་དུ་སྐྱིད་པོ་བྱས་ནས་སྡོད། ཆུ་ཚོད་དྲུག་པར་ང་ལས་ཀ་གྲོལ་རྗེས་ཤ་ཞིག་ཉོས་ནས་ཡོང་ཟེར། ངས་ཡ་ཡ་ལབ། ཡང་བསྐྱར་ཆུང་མས་ནང་ནས་ལྷོལ་ལྷོལ་བྱས་ནས་འདུག་རོགས། སྙན་ངག་ཟེར་བ་དེ་འབྲི་དགོས་ནི་མ་རེད། ཉིན་མ་དག་པར་དེ་འདྲ་ལ་བསམ་བློ་བཏང་ནས་གཟུགས་པོ་སྐམ་པོ་དང་གདོང་པ་ནག་པོ་ཆགས་པ་ལ་ལྟོས་དང་། བསམ་བློ་བཏང་བ་མང་དྲག་ནས་ཁྱེད་རང་སྐམ་པོ་ཆགས་པ་རེད། དེ་མ་གཏོགས་ངེད་གཉིས་ལ་དཀའ་ངལ་ག་རེ་འདུག ཤེས་སོང་ངམ་ཟེར། ངས་ཤེས་སོང་། ཤེས་སོང་ཞེས་ལན་སྤྲད་པ་དང་དེ་ནས་ངེད་གཉིས་ཀྱིས་ཁ་བརྡ་མཚམས་བཞག་པ་ཡིན།

ངས་བསྐྱར་དུ་སྙན་ངག་འབྲི་འགོ་བརྩམས། སྙན་ངག་འབྲི་བཞིན་འབྲི་བཞིན་ཆུང་མས་བཤད་པའི་སྙིང་གཏམ་དེ་ཚོ་ཡིད་ལ་དྲན། ང་སྙན་ངག་ལ་དགའ་བ་དང་ཆུང་མ་ང་ལ་དགའ་བ་འདིའི་གཉིས་ཀྱི་གང་ཞིག་བདེ་སྐྱིད་ཀྱི་འཚོ་བ་དང་། བརྩེ་དུང་ངོ་མ་ཡིན་མིན་ལ་བསམ་བློ་ཞིག་བཏང་བས་ངས་འབྲི་བཞིན་པའི་སྙན་ངག་གི་བརྗོད་བྱ་ཡང་དྲན་མེད་དུ་གྱུར་བ་དང་། ངས་འཐུང་བཞིན་པའི་རྒུན་འབྲུམ་ཆང་ཡང་རྫོགས་འདུག སང་ཉིན་གྱི་སྙན་ངག་དང་སང་ཉིན་གྱི་རྒུན་འབྲུམ་ཆང་གཏན་དུ་རྫོགས་པ་འདྲ།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།