དུས་རབས་ཀྱི་དྲི་བ།
25/08/2011 18:10
མཐའ་བཞི་ཡི་རྒྱལ་ཕྲན་དབང་བསྒྱུར།།
ཤར་ཕྱོགས་པའི་གནམ་སའི་བདག་པོ།།
གདོང་དམར་བའི་ཆོས་ཀྱི་རྒྱལ་པོ།།
དེ་རིང་གི་སྲོང་བཙན་སུ་རེད།།
བཙན་པོ་ཡི་བཀའ་བསྐོས་ཇི་སྒྲུབ།།
ཕྱོགས་བཞི་ཡི་དགྲ་ལས་རྣམ་རྒྱལ།།
བློ་རིག་གི་རལ་གྲི་འཕྱར་མཁན།།
དེ་རིང་གི་སྟོང་བཙན་སུ་རེད།།
མུན་ནག་གི་སྲིན་པོའི་གླིང་དུ།།
དཀར་གསལ་གྱི་སྒྲོན་མེ་སྦར་ནས།།
གདོང་དམར་བའི་མིག་ཟུང་འབྱེད་མཁན།།
དེ་རིང་གི་ཐོན་མི་སུ་རེད།།
ཆོས་སྲིད་ཀྱི་དབུ་རྩེ་བསྐྱེད་དེ།།
གཟི་བརྗིད་ཀྱི་རྒྱལ་མཁར་བཞེངས་མཛད།།
པོ་ཏ་ལའི་མིང་ཡིག་འབྲི་མཁན།།
དེ་རིང་གི་སྡེ་སྲིད་སུ་རེད།།
ཤ་འཁོན་གྱི་སྡིགས་མཛུབ་རྩེ་ནས།།
ཉོན་མོང་གི་དགྲ་བཞི་བཏུལ་ཏེ།།
ཚེ་གཅིག་གི་ལུས་ལ་སངས་རྒྱས།།
དེ་རིང་གི་མི་ལ་སུ་རེད།།
རྒྱང་བསྐྱོད་ཀྱི་གོམ་པའི་རྗེས་ན།།
རིགས་ཞེན་གྱི་གླེགས་བམ་མཐུག་པའི།།
སྐུ་དྲག་གི་བཙོན་མ་ཉམ་ཆུང་།།
དེ་རིང་གི་དགེ་ཆོས་སུ་རེད།།
རྙིང་ཞེན་གྱི་ལམ་ཕྲན་དོར་ཏེ།།
གསར་གཏོད་དང་ལ་རྒྱའི་ཤིང་རྟ།།
དུས་རབས་ཀྱི་གཞུང་ལམ་སྙེག་མཁན།།
དེ་རིང་གི་རང་གྲོལ་སུ་རེད།།
Tags:
———
Back