དེ་རིང་གི་ང་།

02/07/2012 12:46


 

ཐ་མག་མཚམས་འཇོག་ཁྲིམས་འདི་གློ་བས་བཟོས།།
ཆང་རག་གཅོད་པའི་བཀའ་ཡིག་མཆིན་པས་སྩལ།།
སྙན་ངག་འབྲི་བའི་འདུན་པ་ཚོར་བས་བཅོམས། །
ང་ཡི་སྙན་ངག་སྲོག་རྩ་དེ་རིང་ཆད།།

ཆང་རག་མ་འཐུང་ངག་སྒོ་མི་འབྱེད་ཅིང་།།
དུ་བ་མ་འཐེན་ཡི་གེ་མི་འབྲི་བ།།
རང་གིས་ཡག་ལུགས་གཞན་གྱིས་ངན་བཤད་འདི།།
དེ་རིང་ནས་བཟུང་བདག་དང་གཏན་དུ་བྲལ།།

ཇ་རྐྱང་ཆུ་རྐྱང་བསྟེན་པའི་ཚོར་བ་ཞིག །
དུ་ཆང་དྲི་མ་མ་འདྲེས་སྙན་ངག་ཞིག །
ནན་གྱིས་བཙིར་ཀྱང་སེམས་སུ་མ་འཕོས་པས།།
སེམས་པ་སྟོང་ལྷིང་ཞིག་གིས་གཙེས་ནས་ཡོང་།།

བོང་བུའི་མགོ་ལ་དབྱུག་པས་བརྡེགས་འདྲ་བ།།
ཕག་པའི་མགོ་ལ་རྡོ་ཡིས་བརྒྱབས་འདྲ་བ།།
ར་མའི་སྣ་ལ་མེ་ཚ་བཞག་འདྲ་བ།།
དེ་རིང་གྱུར་སོང་འབའ་སྲས་གྱི་ན་བ།།

སླར་ཡང་དུ་བ་འཐེན་དང་ཨེ་ཆོག་ལགས།།
ཡང་བསྐྱར་ཆང་ཞིག་འཐུང་དང་ཨེ་ཆོག་ལགས།།
རྒྱུན་དུ་སྙན་ངག་བྲིས་དང་ཨེ་ཆོག་ལགས།།
མི་ཆོག་ཟེར་ན་ཨུ་ཚུགས་བདག་ལ་མེད།།

ཆང་དྲི་དུ་དྲི་མ་འདྲེས་སྐད་ཆ་འདི།།
སྙན་ངག་ཅིག་གི་རྐང་ལག་མ་ཚང་ན།།
ཡན་ལག་མི་ལྡན་སྙན་ངག་ཞ་བོ་ཞིག །
མཐེང་འགྲོ་བཞིན་དུ་འགྲོ་ལ་ཁ་ཡང་སྐྱེངས།།

ར་ཡིས་མ་བཟི་ཚོར་བ་རྣལ་མ་ཞིག །
སྙན་ངག་མ་བྲིས་སྡུག་གཏམ་བདེན་པ་ཞིག །
ཁ་སང་མ་བསྟན་སྒྱུ་རྩལ་གསར་བ་ཞིག །
དེ་རིང་ང་དང་འགྲོགས་པ་འདི་ཙམ་ཉིད།།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།