དེ་རིང་གི་དྲི་བ།

28/02/2012 19:34

 

མཐོན་པོ་རི་ལ་ཆགས་པའི་ཁ་བ་དཀར་པོ།།
མཐོ་སྒང་བོད་པ་ཚང་གི་ཚེ་སྲོག་ཡིན་ཟེར།།
ཁ་བ་དཀར་པོ་དེ་རིང་ཉི་མས་བཞུས་སོང་།།
སང་ཉིན་བོད་པའི་ཚེ་སྲོག་སུ་ཡིས་བསྲིངས་སམ།།

དམའ་བའི་སྤང་ན་བཞད་པའི་མེ་ཏོག་དམར་པོ།།
སྨན་ལྗོངས་བོད་པ་ཚང་གི་འཛུམ་མདངས་ཡིན་ཟེར།།
མེ་ཏོག་འདབ་མ་དེ་རིང་སད་ཀྱིས་བཅོམ་སོང་།།
སང་ཉིན་བོད་པའི་འཛུམ་མདངས་སུ་ཡིས་གསོ་འམ།།

མཐོན་པོའི་སྒང་ལ་བཙུགས་པའི་དར་ལྕོག་དཀར་པོ།།
སྒང་བ་བོད་པ་ཚང་གི་རླུང་རྟ་ཡིན་ཟེར།།
དར་ལྕེ་ཕྲ་མོ་དེ་རིང་རླུང་གིས་བཅད་སོང་།།
སང་ཉིན་བོད་པའི་རླུང་རྟ་སུ་ཡིས་སྤར་རམ།།

རྒྱ་རྫོང་ནགས་ན་གྲགས་པའི་ཁུ་བྱུག་གྲེ་འགྱུར་།།
གངས་ཅན་བོད་པ་ཚང་གི་གླུ་སྐད་ཡིན་ཟེར།།
ཁུ་བྱུག་དེ་རིང་ནགས་ནས་གཞན་ལ་འཕུར་སོང་།།
སང་ཉིན་བོད་པའི་གླུ་སྐད་སུ་ཡིས་བསྒྲོགས་སམ།།

རྫ་ཆུ་བསིལ་མ་འབབ་པའི་ཆུ་རྒྱུན་རིང་མོ།།
ཁ་བ་བོད་པ་ཚང་གི་ཕུགས་འདུན་ཡིན་ཟེར།།
རྫ་ཆུ་བསིལ་མ་དེ་རིང་འཁྱག་པས་བསྡམས་སོང་།།
སང་ཉིན་བོད་པའི་ཕུགས་འདུན་སུ་ལ་གཏོད་དམ།།

རང་ལུས་མེ་རུ་བསྒྲོན་པའི་དཔའ་བོ་དཔའ་མོ།།
གངས་ཅན་བཙན་པོ་ཚང་གི་འབོད་སྒྲ་ཡིན་ཟེར།།
དཔའ་བོ་དཔའ་མོ་དེ་རིང་འདི་ལྟར་ཆས་སོང་།།
སང་ཉིན་བོད་པའི་འབོད་སྒྲ་སུ་ཡིས་སྒྲོག་གམ།།

དགུང་ན་ཤར་བའི་ཉི་མ་ཟླ་བ་སྐར་མ།།
མ་ཎི་བོད་པ་ཚང་གི་སྐྱབས་མགོན་ཡིན་ཟེར།།
ཉི་ཟླ་སྐར་གསུམ་དེ་རིང་ཞལ་མཇལ་མ་ཐུབ།།
སང་ཉིན་སུ་ཡིས་མཇལ་འཛོམས་རམ་འདེགས་ཐུབ་བམ།།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།