དེ་རིང་གི་འདུག་རོགས་སྙན་ངག་འདི་ཡིན།
18/07/2012 17:05
ཁོག་པ་བཤང་གཅིས་གང་བའི་དྲི་མ་འདི་དང་།།
ཀླད་པ་གསེར་གྱིས་བལྟམས་པའི་རྣམ་དཔྱོད་འདི་གཉིས།།
མི་ཡི་ལུས་ཕུང་འདི་ལ་མཉམ་དུ་གནས་པ།།
རྣམ་འབྱོར་གཙང་བཙོག་མེད་པའི་བརྡ་རྟགས་རེད་དམ།།
ཉིན་མོ་ཉི་མའི་འོད་ཀྱིས་འཛམ་གླིང་འཁྱུད་པ།།
མཚན་མོ་མུན་པ་ནག་པོས་ཉེ་ཁོར་བསྒྲིབས་པ།།
གོ་ལ་ས་ཡི་ཁྱོན་ནས་རིམ་གྱིས་འཁོར་བ།།
ཀུན་མཁྱེན་བློ་དང་སྒྲིབ་པ་བསྟན་པ་ཡིན་ནམ།།
མཐོན་པོ་རི་ཡི་མགོ་བོས་སྤྲིན་དཀར་གྱོན་པ།།
དམའ་བ་ས་ཡི་རྡུལ་གྱིས་གད་སྙིགས་བཏུས་པ།།
རང་བྱུང་ཁམས་སུ་མཐོང་བའི་ལྟད་མོ་འདི་ཡིས།།
དབུལ་ཕྱུག་ལག་པའི་རི་མོ་དཔར་བ་རེད་དམ།།
མཁའ་རུ་སྐབས་སུ་བཀྲ་བའི་འཇའ་ཚོན་སྣ་ལྔ།།
ས་རུ་རྒྱུན་དུ་རྒྱུ་བའི་ཆུ་ཡི་གཉེར་རིས།།
སྐྱིད་ཉུང་སྡུག་མང་འཇིག་རྟེན་འཁོར་བར་ལྟུང་བའི།།
མི་ཚེ་ཐོད་པའི་རི་མོ་བྲིས་པ་ཨེ་རེད།།
དྭངས་པའི་མཚོ་ལ་ཤར་བའི་ཟླ་བའི་རི་མོ།།
མེ་ལོང་ནང་ལ་བལྟས་པའི་རང་གི་འཛུམ་རིས།།
མིག་ལ་སྣང་ཡང་ལག་པས་འཛིན་ཏུ་མེད་པ།།
ཁ་བཤད་ལག་ལེན་སྟོང་བའི་བརྡ་འཕྲིན་རེད་དམ།།
མཛེས་པའི་ཧ་ལོ་མེ་ཏོག་མིག་ལ་འཚེར་བ།།
དུག་ཅན་ལྗོན་པའི་ཤིང་འབྲས་ཞིམ་མངར་ཆེ་བ།།
རོལ་བར་བྱས་ན་རང་ཉིད་བརླག་པར་འགྱུར་བ།།
འཇུད་མཐུན་མ་ཡི་ལུས་ཀྱི་དཔེ་མཚོན་ཡིན་ནམ།།
དམར་པོའི་གློག་ཐག་གཡོ་བས་སྤྲིན་དཀར་གཏོར་བ།།
ཆར་ཆེན་བབ་པའི་ཆུ་ཡིས་མེ་ཏོག་འཇུད་པ།།
ཕུན་ཚོགས་མཛེས་སྡུག་བཅོམ་པའི་ངང་ཚུལ་འདི་ཡིས།།
ཕྲག་དོག་སྟག་གི་སྡེར་མོ་གསལ་བ་རེད་དམ།།
རླུང་བུ་དལ་གྱིས་ལྡང་ཡང་རྩེ་མོ་གཡོ་བ།།
འགྱིག་ལྒང་བདེ་སར་བཞག་ཀྱང་འཁོར་ཞིང་འགྲོ་བ།།
བརྟན་ཅིང་བརླིང་བ་མེད་པའི་དངོས་པོ་དག་གིས།།
གཡོ་ཅན་མི་ཡི་འགྱུ་བ་བསྟན་པ་རེད་དམ།།
མེ་ཤིང་ཐུར་དུ་བསྒྲོན་ཡང་གྱེན་དུ་འབར་བ།།
ལྒང་བུ་ས་ལ་བརྡབས་ཀྱང་གནམ་ལ་ལྡིང་བ།།
འཇུག་ལྡོག་ཆོས་ཉིད་འཛིན་པའི་གནས་ལུགས་འདི་ཡིས།།
མཆོག་རྣམས་གནོན་པ་མེད་པའི་གསལ་བརྡ་ཡིན་ནམ།།
ཕྱི་ཡི་དངོས་པོའི་འགུལ་སྐྱོད་མི་ལ་སྦྱར་ཞིང་།།
མི་ཡི་ལུས་དང་རྣམ་རྟོག་ཕྱི་ལ་སྦྱར་ཏེ།།
དཔེ་དོན་ཚུལ་ལ་དྲི་བའི་སྙན་ངག་འདི་ཉིད།།
དེ་རིང་ཉི་མ་འཁྱོལ་བའི་འདུག་རོགས་ཙམ་མོ།།
Tags:
———
Back