དེ་རིང་ངའི་སྐྱེས་སྐར་ཡིན།

29/03/2013 12:12

     དེ་རིང་ངའི་སྐྱེས་སྐར་ཡིན།

 
མི་ལོ་འདི་རྒས་ནས་འགྲོ་ཡང་།།
ལུས་ཕུང་ནི་ཇེ་བདེ་ཇེ་བདེ།། 
འཚོ་བ་ལ་ཡར་རྒྱས་དཀའ་ཡང་།།
སེམས་པ་འདི་ཇེ་སྐྱིད་ཇེ་སྐྱིད།།
 
ངོ་གདོང་ལ་འགྱུར་བ་ཐེབས་ཀྱང་།།
སེམས་པ་ལ་འགྱུར་ལྡོག་མི་འདུག །
སྐྱེས་གཟུགས་ཀྱང་སྒུར་ནས་འགྲོ་ཡང་།།
རང་བཞིན་འདི་སུས་ཀྱང་མ་བསྒྱུར།།
 
འདས་སོང་ལ་བསམ་གཞིགས་བྱ་ཞོར།།
རྗེས་ཤུལ་ལ་མིག་གིས་བལྟས་ན།།
ཐོབ་པ་ལས་ཤོར་བ་མང་ཡང་།།
སྡུག་སྐད་ཅིག་བརྒྱག་འདོད་མི་འདུག །
 
མི་ཚེ་འདི་སྐྱིད་ཀྱིས་མ་རྒས།།
ལོ་ན་ཡང་སྡུག་གིས་མ་བརྩིས།།
སྐྱིད་སྡུག་དང་མཉམ་དུ་འགྲོགས་ནས།།
ཞེ་ལྔ་ཡི་ལོ་ཁ་ཟིན་སོང་།།
 
སྐྱེས་པ་ནས་དེ་རིང་བར་དུ།།
བྱས་རྗེས་ཀྱི་དཀར་ཐིགས་མེད་ཀྱང་།།
མི་སྒེར་དང་སྤྱི་ཚོགས་གང་ལ།།
དབྱེན་དཀྲིག་གི་ནག་ཐིགས་བཀོད་མེད།།
 
བཙན་པོ་ལ་ངོ་ལོག་མ་བྱས།།
བླ་མ་ལ་དད་ལོག་མ་བྱས།།
རྒྱལ་ཁབ་ཀྱི་ཁྲིམས་ལུགས་མ་ཞིག །
ནག་ཉེས་ཤིག་མ་བསགས་དགའ་ཡོད།།
 
འཇིག་རྟེན་དུ་དགའ་ས་མང་ཡང་།།
མང་མང་ལ་སེམས་པ་ཤོར་མེད།།
བག་ཆགས་ཀྱིས་བདག་ལ་གནང་བའི།།
སྙན་ངག་འདི་འདོར་ཐབས་མ་བྱུང་།།
 
བུད་མེད་ལ་སྙན་ངག་བྲིས་ཀྱང་།།
ཆུང་མ་ལ་ཁྲེལ་མེད་མ་བྱས།།
སྙིང་རྡོག་འདི་ལྷོག་ལྷོག་ལྡིང་ཡང་།།
སེམས་པ་འདི་གཞན་ལ་ཕུལ་མེད།།
 
རྐང་རྗེས་ལ་དཀར་པོ་མེད་ཀྱང་།།
ནག་པོ་ཡང་ཤུལ་ན་མེད་པས།།
མི་ཚེ་ཡི་རྐང་ལམ་རིང་མོ།།
ཁ་དོག་གིས་མ་བསྒྲིབས་དགའ་ཡོད།།
 
ཆབ་སྲིད་ཀྱི་སྟེགས་བུ་སྟེང་ནས།།
རྐུབ་ཀྱག་ཅིག་མ་ཟིན་མི་འགྱོད།།
སྙན་ངག་གི་གླེགས་བམ་ཁྲོད་ནས།།
ཤོག་བུ་གཅིག་བརྙེད་པས་དགའ་ཡོད།།
 
ཆེ་ཆེ་ཞིག་ནམ་ཡང་མི་འདོད།།
ཆུང་ས་ལ་ལྷུང་དུ་མི་འཇུག །
རང་ཚོད་ཀྱིས་འགྲོ་ལམ་བདེ་མོ།།
འདི་བཞིན་དུ་དྲང་བས་ཆོག་ཨང་།།
 
དེ་རིང་ནི་རང་གི་སྐྱེས་སྐར།།
མགྲོན་ཡོང་གི་ལག་སྐྱེས་མེད་ཀྱང་།།
ལས་ཀ་ཡི་ཞ་ཞོར་ཞིག་ནས།།
དགའ་ཚོར་ཞིག་རང་ལ་བྲིས་སོ།།
 
༢༨/༠༣/༡༣
 
Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།