དེ་རིང་དང་སང་ཉིན།

03/05/2012 19:55

 

དེ་རིང་འཐུང་བའི་ཆང་འདི་ཞིམ་པོ་མ་རེད།།
དེ་རིང་ལངས་པའི་གླུ་འདི་སྙན་མོ་མ་རེད།།
དེ་རིང་སྡོད་སའི་རྐུབ་སྟེགས་བདེ་བོ་མ་རེད།།
སང་ཉིན་སྐྱིད་པའི་འཚོ་བ་བདག་ལ་ཡོད་དམ།།

དེ་རིང་བབས་པའི་ཁ་བ་དཀར་པོ་མ་རེད།།
དེ་རིང་འབར་བའི་མེ་ལྕེ་དམར་པོ་མ་རེད།།
དེ་རིང་སྐྱེས་པའི་ལོ་ཏོག་སྔོན་པོ་མ་རེད།།
སང་ཉིན་མ་འཁྲུལ་ཁ་དོག་བདག་གིས་མཐོང་ངམ།།

དེ་རིང་བཞུར་བའི་རྫ་ཆུ་དྭངས་མོ་མ་རེད།།
དེ་རིང་ལྡིང་བའི་བསིལ་རླུང་འཇམ་པོ་མ་རེད།།
དེ་རིང་ཤར་བའི་ཉི་མ་དྲོན་པོ་མ་རེད།།
སང་ཉིན་འཇམ་པའི་རེག་བྱ་བདག་གིས་བརྙེད་དམ།།

དེ་རིང་གྲོགས་པོའི་ལག་འཇུ་དམ་པོ་མ་རེད།།
དེ་རིང་མཛའ་མོའི་སྙིང་གཏམ་བདེན་པ་མ་རེད།།
དེ་རིང་མི་ཡི་འཛུམ་མདངས་ངོ་མ་མ་རེད།།
སང་ཉིན་ཁྲེལ་ཡོད་དམ་བཅའ་བདག་ལ་བརྟན་ནམ།།

དེ་རིང་སྡོད་སའི་གོ་ཁ་དྲོན་པོ་མ་རེད།།
དེ་རིང་ཉལ་སའི་འབོབ་སྟན་བདེ་བོ་མ་རེད།།
དེ་རིང་ཆུང་མའི་བྲང་ཁ་ཚ་བོ་མ་རེད།།
སང་ཉིན་དྲོན་པོའི་གནས་ཤིག་བདག་གིས་བརྙེད་དམ།།

དེ་རིང་ཉན་པའི་གསར་འགྱུར་བདེན་པ་མ་རེད།།
དེ་རིང་གོ་བའི་སྐད་ཆ་ངོ་མ་མ་རེད།།
དེ་རིང་བྲིས་པའི་སྙན་ངག་གསོན་པོ་མ་རེད།།
སང་ཉིད་བདེན་པའི་གཏམ་ཞིག་བདག་གིས་ཐོས་སམ།།

དེ་རིང་ལུས་ཀྱི་ཁྲག་རྒྱུན་དམར་པོ་མ་རེད།།
དེ་རིང་རུས་པའི་ཡང་སྙིང་དཀར་པོ་མ་རེད།།
དེ་རིང་བསམ་པའི་སེམས་པ་རྣམ་དག་མ་རེད།།
སང་ཉིན་ལུས་རྟེན་གཙང་མ་བདག་ལ་འཐོབ་བམ།།

དེ་རིང་བགྲོད་པའི་ལམ་འདི་བདེ་བོ་མ་རེད།།
དེ་རིང་འདུག་སའི་གནས་འདི་གཙང་མ་མ་རེད།།
དེ་རིང་བརྩིགས་པའི་མཁར་འདི་བརྟན་པོ་མ་རེད།
སང་ཉིན་བདེ་འཇགས་ཡུལ་ཞིག་བདག་ལ་ཡོད་དམ།།

དེ་རིང་ཉོས་པའི་གྲི་འདི་རྣོན་པོ་མ་རེད།།
དེ་རིང་བརྡུངས་པའི་མདུང་འདི་རིང་པོ་མ་རེད།།
དེ་རིང་འཕངས་པའི་མདའ་འདི་གཟིར་མོ་མ་རེད།།
སང་ཉིན་བློ་ལྡན་རལ་གྲིལ་བདག་གིས་ཁུག་གམ།།

དེ་རིང་གཡག་གི་ཧུར་སྒྲ་བཙན་པོ་མ་རེད།།
དེ་རིང་ལུག་གི་འབའ་སྒྲ་གཉོམ་པོ་མ་རེད།།
དེ་རིང་འབྲོང་གི་རྭ་རྩེ་རྣོན་པོ་མ་རེད།།
སང་ཉིན་ཕྱུག་གི་གཡང་ཁ་བདག་ལ་དར་རམ།།

དེ་རིང་གོན་པའི་ཝ་ཞྭ་དྲོན་པོ་མ་རེད།།
དེ་རིང་གྱོན་པའི་ལྭ་བ་གོང་ཆེན་མ་རེད།།
དེ་རིང་སྐེད་རགས་མདུད་པ་དམ་པོ་མ་རེད།།
སང་ཉིན་ཨ་ཤི་རས་བདག་ལ་མཁོ་འདུག །

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།