དྭངས་མོ་མཚོ། ཁྱོད་གང་ན་ཡོད། ༼ཁག་གསུམ་པ༽

19/09/2012 18:01

 

གསུང་སྐད་སྙན་མོ་མ་ཐོས་ལོ་ངོ་དྲུག །
གར་སོང་གང་ཡོད་མ་ཤེས་ལོ་ངོ་དྲུག །
ལོ་ངོ་དྲུག་ལ་དྲན་པའི་མིག་ཆུ་འདི།།
ད་དུང་ལོ་ངོ་ཅི་ཙམ་ཟེགས་དགོས་ཨང་།།

ལོ་ངོ་དྲུག་ལ་དྲན་པའི་སྡུག་བསྔལ་འདི།།
གཤིན་རྗེ་མིན་ཡང་འཇིགས་པ་བདག་ལ་ཆེ།།
ལུས་སེམས་གཉིས་ལ་ཞགས་པས་བསྡམས་པ་ཡིས།།
ཚེ་སྲོག་འཛིན་པའི་རྟེན་ཙམ་ལྷག་པ་ཉིད།།

དྲང་དུ་སྐྱེས་པའི་གཟུགས་པོ་ནང་དུ་སྒུར།།
དཀར་ཤ་གསལ་བའི་ངོ་གདོང་རིད་པར་གྱུར།།
འབུར་བའི་མཁུར་ཚོས་གཉིས་ཀྱང་ཁོག་ལ་ལྷུང་།།
ཀེང་རུས་ལྟ་བུའི་ལུས་འདིས་ཁྱོད་པ་སྒུག །

དགའ་མ་དྲན་པའི་དབང་གྱུར་བདག་པོ་གང་།།
སྔོན་དུ་ལག་རྩ་བསྡམས་པའི་གདུ་བུ་ནི།།
ད་ནི་དཔུང་བའི་བར་དུ་རྒྱུ་བྱེད་པ།།
གནོད་སྦྱིན་དེ་ཡི་སྤུན་དུ་ང་ནི་གྱུར།།

འབྱོར་བ་རྒྱ་མཚོ་འཁྱིལ་བའི་རཱ་མ་ཎ།།
སི་ཏཱ་དྲན་པའི་སྡུག་གིས་མ་བཟོད་པས།།
མགོ་དགུ་མདའ་ཡིས་བཅད་པའི་སྡིག་པ་ནི།།
དགའ་མའི་དོན་དུ་བསགས་པ་མ་ཡིན་ནམ།།

ཁྱོད་ཀྱི་དོན་དུ་ཕལ་བ་བདག་གིས་ནི།།
ལས་གཏོང་ནོར་དང་དབང་ཐང་མ་མཆིས་ཀྱང་།།
རང་ལ་ཡོད་པའི་དལ་འབྱོར་ལུས་རྟེན་འདི།།
ཤ་ཟད་རུས་པར་བཏང་བ་བདེན་པ་ཡིན།།

བརྩེ་བའི་དབང་དུ་གྱུར་ན་གླང་བོ་ཡང་།།
ཚ་བས་གདུངས་ཀྱང་ཆུ་ལ་མི་ཞུགས་པར།།
དགའ་མ་དྲན་པའི་རྣ་ཞགས་བརྐྱངས་པ་ཡིས།།
སྐྱོ་བའི་ལོ་མ་རྒྱབ་ཏུ་གྱོན་ལ་ལྟོས།།

ཀྱེ་ཀྱེ་ཁོ་བོའི་སྙིང་གི་ཐིག་ལེ་སྟེ།།
ཉིན་མཚན་ཀུན་ཏུ་དྲན་པའི་མཛའ་ན་མོ།།
དྭངས་མོ་མཚོ་ཁྱོད་གཏན་དུ་བྲལ་མེད་ན།།
ཚེ་སྲོག་རྟ་རྔ་ཅན་འདི་སྐྱོབ་ཏུ་ཤོག །

བདག་གིས་སྲོག་ལ་བསྡོས་པའི་དྭངས་མོ་མཚོ།།
འཇིག་རྟེན་འདི་ན་ཡོད་ན་གང་ཡོད་གསུངས།།
ཕྱི་མའི་ཡུལ་དུ་ཡོད་ན་བརྡ་ཞིག་སྟོན།།
འདི་ཕྱི་གཉིས་ཀྱི་རོགས་ལོ་ཁྱོད་ལས་མེད།།

སྐྱེ་བ་འདི་རུ་མཉམ་འགྲོགས་མ་ཐུབ་ཀྱང་།།
ཕྱི་མའི་ཡུལ་ནས་ཕན་ཚུན་བསྒུག་ལ་འདུག །
འདི་ཕྱི་གང་དུ་འཕྲད་ཀྱང་གཅིག་ལ་གཅིག །
རྡོ་རྗེ་དམ་ཚིག་གཏམ་འདི་ཁྱོད་ཀྱིས་བཤད།།

དང་པོ་ངེད་གཉིས་མཐུན་དུས་ཁྱེད་ཀྱིས་ཀྱང་།།
འདི་ཕྱི་དཀར་ནག་གཉིས་ལ་ཁྱད་པར་མེད།།
ངེད་གཉིས་ཁོག་གི་སྙིང་འདི་དམར་པོ་ཡིན།།
ཤི་ཡང་སྙིང་གཉིས་ལྷོག་ལྷོག་ལྡིང་ངེས་གསུངས།།

ད་ནི་ཁྱེད་ཀྱི་སྙིང་དེ་གང་དུ་ལྡིང་།།
ད་ནི་ཁྱེད་ཀྱི་སེམས་དེ་སུ་ལ་ཆགས།།
བདག་གི་སྙིང་རྩ་མ་འགག་སྔར་བཞིན་ལྡིང་།།
བདག་གི་སེམས་པ་ད་དུང་ཁྱེད་ལ་ཆགས།།

ཆར་བ་བསིལ་བསིལ་འབབ་པའི་ཞོགས་པ་ཞིག །
ང་རང་བྲེལ་བ་ཆེ་བའི་དུས་ཚོད་དེར།།
ཁྱོད་ཀྱི་ཁ་པར་བཏང་བའི་སྐད་ཆའི་ནང་།།
ངུ་མ་དགོད་ཀྱི་སྐད་ཆ་འདི་ལྟ་སྟེ།།

མདང་དགོང་ང་རང་གཉིད་པའི་རྨི་ལམ་ནང་།།
གནའ་མཁར་ཟི་ལིང་གྲོང་ནས་སྐུ་འབུམ་བར།།
ངེད་གཉིས་འཁྱུད་བཞིན་འགྲོ་བ་རྨིས་སོང་ཞེས།།
ཡང་དང་བསྐྱར་དུ་བཤད་པ་དྲན་ནམ་ཅི།།

ཟི་ལིང་གྲོང་ན་ཁྱོད་ནི་འཛུམ་ཞིང་དགོད།།
ས་མཐའི་ཡུལ་ན་ཁྱོད་རང་དྲན་ཞིང་ངུ།།
ཁྱེད་རང་བཙལ་ནས་རྐང་མཐིལ་རྨ་ཡིས་ཟོས།།
རྨི་ལམ་དེ་འདྲ་ད་སྐབས་ང་ལ་མང་།།

ཉིན་མོའི་སེམས་ལ་འཁོར་བ་ཁྱོད་གཅིག་བུ།།
མཚན་མོའི་རྨི་ལམ་དབུས་ན་ཁྱོད་གཅིག་གྲང་།།
ཉིན་མཚན་གཉིས་ལ་ཁྱེད་རང་དྲན་པ་ཡི།།
གཏམ་འདི་བཤད་ན་ང་རང་ངོ་ཡང་ཚ།།

ཉིན་མོའི་ཉི་མ་ཤར་དུས་ཁྱེད་རང་དྲན།།
མཚན་མོའི་ཟླ་བ་འཛུམ་དུས་ཁྱེད་རང་དྲན།།
མཛེས་པ་ཅི་ཞིག་མཐོང་ན་ཁྱེད་རང་དྲན།།
ས་ཆ་གང་དུ་སོང་ན་ཁྱེད་རང་དྲན།།

དྲན་པའི་གཞུ་མོ་ནང་དུ་བཀུགས་པ་ན།།
དྲང་བའི་མདའ་མོ་རྒྱུད་ལས་ཤོར་བ་ཤེས།།
མདའ་གཞུ་ནམ་ཡང་མཉམ་དུ་མི་གནས་པའི།།
གནས་ལུགས་འདི་ནི་ཁྱོད་ཀྱི་ངོས་ནས་ཤེས།།

བྱེ་མའི་ཐང་ཆེན་འགྲིམས་པས་སྐོམ་གྱུར་ཏེ།།
བར་སྣང་ཆུ་རླབས་ས་རུ་གཡོ་བའི་འོད།།
འབབ་ཆུ་རྒྱུན་ལ་འཁྲུལ་ཏེ་རྗེས་དེད་པ།།
རྨོངས་པའི་རི་དྭགས་བཞིན་དུ་ང་ནི་གྱུར།།

སྤྱིར་ན་ང་ནི་རྨོངས་པའི་བུ་ཅན་ཏེ།།
བརྩེ་བའི་དབང་གིས་རྨོངས་པ་ཐེངས་མང་ཡིན།།
ཁྱོད་ཀྱི་ཆེད་དུ་རྨོངས་པ་ཐེངས་དང་པོ།།
དང་པོ་བརྩེ་བའི་སྡུག་བསྔལ་ཁྱེད་ཀྱིས་སྤྲད།།

སྡུག་བསྔལ་འདི་ལས་ཐར་བ་ཐོབ་བྱེད་པ།།
མ་ཎི་ཡིག་དྲུག་བཟློས་པས་མི་ཆོག་གོ །
མཆོད་པ་སྨོན་ལམ་ཙམ་གྱིས་མི་ཆོག་སྟེ།།
གཙོ་བོ་ཁྱོད་དང་མཇལ་ན་དེ་ཡིས་འགྲུབ།།

ང་ནི་ནམ་ཡང་ང་ཡིན་གཞན་མིན་ལ།།
ཁྱོང་ནི་ནམ་ཡང་ཁྱོད་དེ་གཞན་མིན་ནོ།།
འོན་ཀྱང་ངེད་གཅིག་ཏུ་བྱ་འདོད་ན།།
ཁྱོད་ནི་གང་ན་ཡོད་པའི་འཕྲིན་ཞིག་བསྐུར།།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།