ནམ་ཡང་བརྗེད་མི་རུང་།
07/02/2012 19:03
ཡར་ལུང་གི་རི་རྩེ་ཞིག་ནས།།
མི་བུ་ཞིག་གཉའ་ཡིས་བསུ་སྟེ།།
གདོང་དམར་བའི་རྒྱལ་བོར་བསྐོས་པའི།།
གཉའ་ཁྲི་ཡི་ལོ་རྒྱུས་མ་བརྗེད།།
བོད་ཡུལ་ཁམས་གཅིག་གྱུར་བཟོས་ཏེ།།
དམར་པོ་རིར་རྒྱལ་མཁར་བརྩིགས་ཤིང་།།
མཐའ་བཞི་ཡི་དགྲ་བདུད་བཅོམ་པའི།།
སྲོང་བཙན་གྱི་དཔའ་སྟོབས་མ་བརྗེད།།
དགྲ་བོ་ལ་རལ་གྲི་རྣོ་ཞིང་།།
རང་རིགས་ལ་བྱམས་བརྩེ་ཟབ་པའི།།
ཆོས་རིག་གི་ཞིང་ས་སྐྲུན་མཁན།།
ཁྲི་སྲོང་གི་མཛད་རྗེས་མ་བརྗེད།།
ཚེ་སྲོག་གི་ལེགས་སྐྱེས་ཕུལ་ཏེ།།
ཚ་ཡུལ་གྱི་མེ་དཔུང་ཁྲོད་ནས།།
དབྱངས་གསལ་གྱི་ནོར་བུ་ལེན་མཁན།།
ཐོན་མི་ཡི་བཀའ་དྲིན་མ་བརྗེད།།
རྒྱ་ནག་གི་བཙན་མཁར་གཏོར་ཏེ།།
གོང་མ་ཡི་སྲས་མོ་ཆུང་ཆུང་།།
སྒམ་པོ་ཡི་བག་མར་བསུ་མཁན།།
སྟོང་བཙན་གྱི་བློ་རིག་མ་བརྗེད།།
དགེ་ཆོས་ཀྱིས་བདེན་པའི་རིག་པས།།
ས་གཞི་ལ་ཚངས་ཐིག་བྲིས་པའི།།
ལོ་རྒྱུས་ཀྱི་དེབ་དཀར་རྡོ་རིང་།།
བདེན་དཔང་དུ་བཞེངས་པ་མ་བརྗེད།།
རང་གྲོལ་གྱི་བློ་གྲོས་གསེབ་ནས།།
མི་རིགས་ཀྱི་ལང་ཚོའི་རྦབ་ཆུ།།
ལ་རྒྱའི་ངང་དྲག་ཏུ་འཕྱོ་བའི།།
བཞུར་རྒྱུན་གྱི་འབོད་སྒྲ་མ་བརྗེད།།
———
Back