ཕ་སྐད་རང་་གི་སྲོག་དང་སྡོས།
22/07/2014 21:42
ཕ་སྐད་རང་གི་སྲོག་དང་སྡོས།།
འབའ་སྲས།
ཕ་སྐད་རྟ་བདུན་དབང་བོ་ལ།།
སྦྲགས་སྐད་སྤྲིན་གྱི་གོས་གྱོན་ཏེ།།
འཇིག་རྟེན་མཁའ་ལ་འདྲེན་བྱེད་པའི།།
བླུན་རྨོངས་ཁྱུང་སྔོན་སྐྱེས་འདི་དམན།།
ཕ་སྐད་ཙན་དན་ལྗོན་བཟང་དུ།།
སྦྲགས་སྐད་སྦྲུལ་གྱིས་ཚང་བཅོས་ཏེ།།
དུག་གི་ཁ་རླངས་འབྱིན་བྱེད་པའི།།
ལྕེ་གཉིས་གཡོ་ལྡན་མཐའ་རུ་སྐྲོད།།
རྟ་ནོར་ལུག་གསུམ་མཉམ་དུ་ནི།།
འཚོ་བ་རྫི་བོ་མཆོག་ཡིན་ཡང་།།
ཕ་སྐད་གཞན་དང་བསྲེས་བྱེད་པ།།
རང་སྲོག་གཅོད་པའི་རལ་གྲི་འོ །།
ཕ་སྐད་མིག་ཡངས་སྒེག་པའི་ལུས།།
རྒྱན་གྱིས་སྤུད་ན་མཛེས་མོད་ཀྱང་།།
སྦྲགས་སྐད་ཧ་ལོ་མེ་ཏོག་གིས།།
སྤྲས་ན་ལང་ཚོ་ནད་ཀྱིས་ཟ།།
ཕ་སྐད་གངས་ཀྱི་ལྷུན་པོ་ནི།།
གསལ་བྱེད་དབྱངས་ཀྱི་ཉི་ཟླ་ཡིས།།
འཁྱུད་པའི་འོད་ལ་གྲིབ་མ་ཡིས།།
སྒྲིབ་མཁན་གཟའ་འཛིན་རང་མ་བྱེད།།
གཞིས་ཀྱི་སྐད་ལ་རྒྱ་སྐད་དང་།།
རྒྱ་གར་བོད་ལ་ཧུན་ཏིའི་སྐད།།
ནུབ་ཕྱོགས་བོད་ལ་ཕྱི་གླིང་སྐད།།
མཉམ་བསྲེས་ཕ་སྐད་རྨས་མ་ཡིན།།
སྐད་རིགས་མང་པོ་ཤེས་པ་ནི།།
མཆོག་ཅེས་མཁས་པ་དག་གིས་གསུངས།།
སྐད་རིགས་བསྲེས་ནས་བཤད་པ་པོ།།
བླུན་པོ་ཡིན་ཞེས་བདག་གིས་སྒྲོགས།།
མི་རིགས་ཚེ་སྲོག་བརྟན་པའི་སྨན།།
རང་གི་ངོ་གདོང་གསལ་བའི་འོད།།
ཕ་སྐད་གཙང་མའི་ནོར་བུ་འདི།།
རང་གི་སྲོག་དང་བསྡོས་པར་གཅེས།།
༡༤/༠༢/༢༡ ཕ་སྐད་ཀྱི་ཉིན་མོར་ཕུལ།
———
Back