ཕྱི་རྒྱལ་ཡུལ་གྱི་གྲུ་ཁ་ཞིག
01/07/2011 23:59
རྒྱ་གར་ཡུལ་གྱི་གྲོགས་པོ་ཞིག་ལ།
ཤེས་རབ་དགའ་ཚལ་གསར་འབྱོར་སློབ་གླིང་དུ།།
སྙན་ངག་མེ་ལོང་ཁྲིད་པའི་མགོ་འཇུག་ནས།།
ལྟ་བ་གཅིག་ཏུ་འདྲིས་པའི་གྲོགས་པོ་ཁྱོད།།
རྒྱ་གར་ཡུལ་ནས་སྐུ་ལུས་བདེ་ལེགས་སམ།།
གྱི་ན་བ་ང་ད་ལྟ་ཕྱི་རྒྱལ་ནས།།
ན་མེད་ཚ་མེད་བདེ་ཐང་ཡིན་ན་ཡང་།།
ཀུན་དགའ་དོན་འགྲུབ་འཚོལ་བའི་བྲེལ་བ་ཡིས།།
ཇ་གང་འཐུང་བའི་དུས་ཚོད་ཡོད་མེད་རེད།།
ཆུང་མས་ལྷོད་ལྷོད་བྱས་ནས་རྩོམ་བྲིས་ཟེར།།
གཅེས་ཕྲུག་གསུམ་པོའི་མ་འོངས་མདུན་ལམ་ལ།།
བསམ་ན་ལྷོད་ལྷོད་སྡོད་ཁོམ་ག་ལ་ཡོད།།
ཀུན་དགའ་དོན་འགྲུབ་མ་འཚོལ་རང་འཚོལ་རེད།།
ཚེ་རིང་མཚོ་མོའི་ཕ་མ་གློག་ཀླད་རེད།།
བསྟན་འཛིན་རང་གྲོལ་གྲོགས་པོ་སྤོ་ལོ་རེད།།
བསྟན་འཛིན་འཇམ་དཔལ་སྤུན་ཟླ་ཀྭ་ཀྲོང་རེད།།
བུ་ཕྲུག་གསུམ་གྱི་དགའ་ཕྱོགས་ཐ་དད་རེད།།
དགའ་ཕྱོགས་རེ་ལ་ཅ་དངོས་མི་འདྲ་བ།།
ཨ་ཕ་སྐུ་མཁྱེན་དེ་རིང་ཉོ་རོགས་ཞེས།།
ཞུ་བ་ཡང་ཡང་འཐེན་ན་སྒོར་རྡོག་འགའ།།
སྒོར་ཁུག་ནང་ནས་མི་ལེན་རང་ལེན་རེད།།
འཚོ་བའི་དཀའ་ངལ་བདག་ལ་མ་མཆིས་ཀྱང་།།
སེམས་ཀྱི་དཀའ་ངལ་གཅིག་བརྩེགས་གཉིས་བརྩེགས་རེད།།
གཞུང་ཡིག་ཤོག་ལྷེབ་རེ་རེ་སླེབས་པ་ན།།
རྙོག་དྲ་ཞིག་ནི་ནམ་ཡང་ཡོད་ཡོད་རེད།།
ཕྱི་རྒྱལ་གྲོང་ཁྱེར་ཆེ་ཞིང་མཛེས་ན་ཡང་།།
རྡ་སའི་རི་ངོགས་ཆུང་ཆུང་ཡང་ཡང་དྲན།།
ཕྱི་རྒྱལ་བུ་མའི་གཟུགས་ཀྱིས་བསླུ་བྱེད་ཀྱང་།།
བོད་པའི་གཞོན་ནུ་མ་ཚོ་སེམས་སུ་འབྱར།།
ཁྱིམ་གྱི་གནས་སྟངས་སེམས་ཀྱི་དཀའ་ངལ་ནི།།
ཞིབ་མོར་བྲིས་ན་གེ་སར་སྒྲུང་རིང་རེད།།
བྲིས་ཀྱང་གྲོགས་ཁྱོད་དགོས་པ་མ་མཆིས་པས།།
ད་ནི་ཕ་རེ་སི་འདི་ངོ་སྤྲོད་བྱེད།།
ཕ་རེ་སི་ན་སྐད་གྲགས་ཅན་པོ་བཞི།།
གྲོགས་ཀྱིས་ཉོན་དང་རེ་རེ་བདག་གིས་བཤད།།
དང་པོ་གཉིས་པ་བདག་ལ་མི་མཁོ་མོད།།
གསུམ་པ་བཞི་བ་བདག་ནི་ཤིན་ཏུ་དགའ།།
དང་པོ་ཨེ་ཧྥེའུ་དྲོ་བེར་ལྕགས་རིང་རེད།།
གཉིས་པ་ལུས་ལ་གཏོར་བའི་དྲི་ཞིམ་རེད།།
གསུམ་པ་རྒུམ་འབྲུམ་བསྙལ་བའི་ལོ་ཆང་རེད།།
བཞི་བ་ཧ་ཧ་གཟུགས་མཛེས་བུ་མོ་རེད།།
དང་པོ་གཉིས་པ་ལོ་རྒྱུས་རང་བཞིན་ཅན།།
གསུམ་པ་བཞི་བ་ཉིན་རེ་འཚོ་བ་རེད།།
འཚོ་བ་སྐྱིད་པོ་རོལ་འདོད་གྲོགས་པོ་འགའ།།
ཡོད་ན་ཤོག་དང་ཧ་ལས་ཧང་སངས་རེད།།
ཤང་བཟེ་ལེ་བཟི་སྲིད་འཛིན་ཕོ་བྲང་རེད།།
སྲིད་དོན་པ་ཚོ་ཉིན་རེ་འགྲོ་ས་ཡིན།།
བུ་མོའི་ལང་ཚོ་འཚོལ་བའི་ཕོ་རྒོད་ང་།།
ཐེངས་གཅིག་མ་སོང་གྲོགས་ལ་དགོངས་དག་ཞུ།།
ཤེལ་ནག་རྐྱང་པས་གྲུབ་པའི་བ་གམ་ཅན།།
ཡོ་རོལ་ནང་གི་ཁང་ཆེན་མཐོ་ཤོས་དེ།།
མང་པ་ན་སི་མིང་ཅན་པ་ཚོང་ཁང་ནང་།།
འཁྲུག་སྤྱོད་ཅ་ལག་ཉོས་ན་རིན་གོང་ཆུང་།།
ལ་རྡི་ཧྥང་སིར་འབོད་པའི་ས་གནས་དེར།།
དེང་རབས་ཅན་གྱི་བཟོ་བཀོད་ལེགས་པ་ཡི།།
ཤེལ་གྱི་ཁང་པ་དགུང་ལ་ཟུག་པ་ཡོད།།
དགའ་བོ་ཁྲིད་ནས་འཁྱམ་འཁྱམ་བྱེད་ས་ཡིན།།
སྨད་ཚོང་མང་སའི་སྤོ་ལོང་ནགས་གསེབ་ཅེས།།
སྐད་གྲགས་ཅན་ཞིག་ཕ་རེ་སི་ན་མཆིས།།
རིན་གོང་ཆུང་ཞིང་བུ་མོ་མཛེས་མ་རེག །
ང་ཡང་ཐེངས་གཅིག་སོང་ཡིན་ངོ་རེ་ཚ།།
ལ་ཤེད་ཤ་པེད་འབོད་པའི་ས་གནས་ཤིག །
རྒྱ་གར་ཁ་ཟས་བྲོ་བ་ཆེ་ས་དང་།།
གཞི་ཆགས་བུ་མོ་ཚང་མ་འཛོམས་ས་ཡིན།།
བོད་པ་ནང་ཁུལ་མཐུན་པ་བསྐྱིལ་ས་རེད།།
སྦེ་བེ་ཞེས་པའི་རྒྱ་ནག་ཚོང་ར་ཞིག །
གསར་འབྱོར་ཕོ་རྐྱང་ཚོ་ནི་འགྲོ་ས་ཡིན།།
རྒྱ་ཟས་ཞིམ་ཞིང་རྒྱ་མོ་རྣམ་པ་ཡག །
སྒོར་མོ་ཡོད་ན་སྐྱིད་པོ་གཉིས་འཐོབ་ཡིན།།
བུ་མོ་དགོས་ན་ཁ་པར་ཐེངས་གཅིག་རེད།།
ད་ཤོག་ཟེར་ན་ཡ་ཡ་ལེགས་སོ་ཟེར།།
སྒོར་རྡོག་འགའ་ཡི་འགྲོ་སོང་ཡོད་ན་ཡང་།།
རྗེས་ན་རྙོག་དྲ་མེད་ནོ་ཁེ་སང་རེད།།
ཕོ་གསར་ཕོ་གསར་རྐུབ་ལ་ཞེ་འདང་ཆེ།།
མོ་གསར་མོ་གསར་ནུ་མར་བརྩེ་བ་ཟབ།།
ཕོ་མོ་ལུས་ལ་དབྱེ་བ་མེད་པ་ཡི།།
དབང་བོ་འདོམས་འཇུག་རྣམ་པ་སྣ་ཚོགས་རེད།།
ཐེངས་ཤིག་ང་ཡང་གཞོན་ནུ་མ་ཞིག་འཕྲད།།
གོང་ཚོད་འགྲིག་ནས་ནང་དུ་ཁྲིད་པ་ན།།
བུ་ཞིག་མོ་ལ་བརྫུས་པའི་བཅོས་མ་རེད།།
ཨ་ཙི་ང་ནི་ཤིན་ཏུ་སྐྲག་པར་གྱུར།།
དེ་ནས་བཟུང་སྟེ་ལོག་གཡེམ་སྒོ་མོ་བཀག །
དགེ་བསྙེན་ཞིག་གི་སྡོམ་པ་ལྟ་བུ་ཡིས།།
རང་གི་ཆུང་མ་མ་གཏོགས་གཞན་པ་ལ།།
སྤྱད་པ་མེད་དོ་ཡོད་ན་དཀོན་མཆོག་གསུམ།།
འདི་ལྟར་ཕ་རེ་སི་ཡི་གནས་སྟངས་དང་།།
རང་གི་བྱས་མྱོང་སྲོང་བོར་བརྗོད་པའི་འཕྲིན།།
ཐེངས་གཅིག་བཀླགས་པའི་རྗེས་སུ་བདག་ལ་ཡང་།།
ཁྱོད་ཀྱི་ཕྱོགས་ནས་འཕྲིན་ཞིག་བསྐུར་བར་མཛོད།།
དེ་རིང་སྔ་དྲོ་སྒྲོལ་མ་ཚར་བཅུ་བཀླགས།།
ཕྱི་དྲོ་རྒུམ་འབྲུམ་བཙགས་པའི་ཆང་ཞིག་འཐུང་།།
ཅུང་ཟད་བཟིས་པའི་རྗེས་སུ་འཕྲིན་ཞིག་བྲིས།།
འཕྲིན་ལ་སྙན་ཆ་མེད་ན་ཆང་གི་སྐྱོན།།
Tags:
———
Back