བཀའ་བློན་ཁྲི་བ་གླེང་ཚུལ།

03/07/2011 10:30

 ཉེ་བའི་འཆར་མཁས་གྲགས་བླུན་གསུམ་གྱིས་ལྕེ་ཐོག་ཏུ་བཟུང་ཡོད་པ་ནི་བོད་ཀྱི་བཀའ་བློན་ཁྲི་བའི་སྐོར་རེད། དེ་ལོས་ཀྱང་ཡིན་དགོས་ཏེ། བཀའ་བློན་ཁྲི་བ་རྩེ་ཕུད་ཅིག་གདམ་རྒྱུར་བོད་མི་ཡོད་དོ་ཅོག་གི་སེམས་ཕུགས་ཀྱི་རེ་བ་ཉག་གཅིག་རེད། འོན་ཀྱང་། ཚང་མས་གླེང་བའི་སྐད་ཆ་དག་ནི་ཕྱོགས་གཉིས་སུ་ལྷུང་བའི་དགེ་བ་དང་སྐྱོན་མ་འདྲེས་པའི་ས་ཐག་དཀར་ཆོད་ཀྱི་རྗེས་སུ་སོང་ནས་སྤྱི་བབ་ཀྱི་ལྟ་སྟངས་བར་གནས་པ་ཞིག་གཞིར་བཟུང་བ་ཧ་ལམ་མེད་པར་བརྗོད་ཆོག

དེ་ཡང་བཀྲས་མཐོང་ལགས་ལ་རྒྱབ་སྐྱོར་བ་རྣམས་ཀྱིས་བཀྲས་མཐོང་ནི་ཆུང་དུས་ནས་རྒས་པའི་བར་དུ་བཙན་བྱོལ་གཞུང་གི་ལས་སྣེ་རུ་གཏོགས་པའི་རྒྱུ་མཚན་གཞི་ལ་བཞག་ནས། འཛིན་སྐྱོང་གི་ཐད་དང་། བོད་རྒྱ་ཞི་མོལ་གྱི་ཐད་གང་ནས་བལྟས་ཀྱང་ཉམས་མྱོང་གཞན་ལས་ཁྱད་དུ་འཕགས་པ་ཡིན་པར་སྨྲ་ཞིང་། ཁོང་ལ་རྒྱབ་སྐྱོར་ཐ་གཅིག་ཏུ་གནང་མུས་ལགས། འདི་རིགས་ནི་ཉམས་མྱོང་གཙོ་འདོད་རང་ལུགས་པ་རེད་ཅེས་བཤད་ན་མི་ཆོག་པ་མེད།
ཁོ་བོ་ཅག་གི་མ་འོངས་པའི་རེ་བ་ནི་ཉམས་མྱོང་ལ་བརྟེན་ནས་གསར་བ་ཞིག་བཙལ་དགོས་པ་དང་། ཉམས་མྱོང་ལ་བརྟེན་ནས་ཞན་པ་ཞིག་སྤར་དགོས་པ་དེ་རེད། འཇིག་རྟེན་ལ་བལྟས་ཏེ་བཤད་ན། ཉམས་མྱོང་ནི་ཀུན་གྱི་རྩ་བ་རུ་གྱུར་ཡོད་ནའང་། ཆབ་སྲིད་ལ་བལྟས་ནས་བཤད་ན། ཉམས་མྱོང་ནི་དེ་ཙམ་མི་མཁོ་བར་འདོད། རྒྱུ་མཚན་ཅི་ཡིན་ཞེ་ན། ཆབ་སྲིད་ནི་གོ་སྐབས་རང་བཞིན་དང་གནས་སྐབས་མྱུར་འཚོལ་རང་བཞིན་ཅན་ལས། ཉམས་མྱོང་གི་དུས་ཡུན་གོང་སྒྲིག་པ་དེས་ཆབ་སྲིད་ཀྱི་རྗེས་སུ་ཟིན་དཀའ་བ་ཡིན་པའི་ཕྱིར་རོ།།
བཀའ་བློན་ཁྲི་བར་ཉམས་མྱོང་མེད་ཚེ་ཅི་ཡང་མི་ནུས་པར་འདོད་པ་དག་ལ། སྐད་ཆ་རེ་གཉིས་ཤིག་ཐག་ཉེ་ས་ནས་སྨྲ་ཐུབ་པ་ཞིག་ནི། ད་གནས་བཀའ་བློན་ཁྲི་བ་ཟམ་གདོང་རིན་པོ་ཆེར་མཚོན་ན། ཤེས་ཡོན་སྲིད་ཇུས་་གསར་བ་དང་། སོ་ནམ་འདེབས་ལུགས་གསར་བ། གཞུང་གི་ཚོང་གཉེར་དག་སྒེར་བདག་ཅན་དུ་བསྒྱུར་བ་དེ་དག་ཚོད་ལྟ་དང་གཤིབ་བརྡར་ཞིག་ལས་ཉམས་མྱོང་ག་ལ་ཡིན། ཉམས་མྱོང་ཞེས་པ་ནི། སྔོན་རང་ཉིད་ཀྱིས་བྱས་མྱོང་ཞིག་ལ་ཟེར་ཞིང་། དེ་གཞི་ལ་བཞག་ནས་དེ་ཐོག་ཏུ་གཞན་ཞིག་ཐོན་སྐྱེད་བྱས་པ་ལ་ཉམས་མྱོང་གི་འབྲས་བུ་ཟེར་དགོས། ཟམ་གདོང་རིན་པོ་ཆེས་སྔར་ཤེས་ཡོན་སྲིད་ཇུས་ཀྱི་ལམ་ལུགས་གསར་སྤེལ་བྱས་མྱོང་མེད་ལ་སོ་ནམ་ལས་འཇུག་དེ་ལས་ཀྱང་བྱས་མེད་པ་མ་ཟད། ཚོང་ལས་ཆེད་གཉེར་བ་སྨྲ་ག་ལ་དགོས། དེས་ན་ཉམས་མྱོང་མེད་ན་ཡོང་ཐབས་མེད་པའི་ཨུ་ཚུགས་དེ་ཅི་ལ་དགོས་སམ།
ཁ་ཅིག་ཏེ། བློ་བཟང་སེངྒེ་ལགས་སུ་རྒྱབ་སྐྱོར་བྱེད་མཁན་རྣམས་ཀྱིས། བློ་བཟང་སེངྒེ་ལགས་ནི་གཞོན་སྐྱེས་ཁྲིམས་ལུགས་མཁས་པ་ཡིན་པ་དང་། མི་ཚང་ཕལ་བ་ཞིག་གི་མི་ཡིན་པ་མ་ཟད། གསར་གཏོད་ཀྱི་ནུས་པ་ལྡན་པར་ཡིད་ཆེས་བྱེད་བཞིན་ཡོད། བློ་བཟང་སེངྒེ་ལགས་བཀྲས་མཐོང་ལགས་དང་བསྡུར་ན་ཚང་པ་གསུམ་ཡོད་པ་ནི། གཞོན་སྐྱེས་ཡིན་པ། མི་སྤྱི་མ་ཞིག་ཡིན་པ། ཁྲིམས་ལུགས་མཁས་པ་ཞིག་ཡིན་པ་བཅས་གསུམ་རེད། ཚང་བ་འདི་གསུམ་གྱིས་མི་མང་པོ་ཞིག་གི་སེམས་རང་བཞིན་གྱིས་ཕྱོགས་གཅིག་ཏུ་བསྡུས་ཡོད། དེ་ཡང་། བཙན་བྱོལ་གཞུང་གི་བཀའ་བློན་ཁྲི་བ་གོང་མ་རྣམས་ནི་སྐུ་ན་བགྲེས་པ་རྐྱང་ཡིན་ཞིང་། ཁོང་ཚོས་ད་བར་སྐུ་ལུས་སྐྱོམ་པར་ཐུགས་རྗེ་ཞུས་པ་དང་མཉམ་དུ་ད་ནི་གཞོན་སྐྱེས་ཚོས་འགན་ལེན་གི་ཡིན། རྒན་པ་རྣམས་སྐུ་ངལ་གསོ་རོགས་ཞེས་པ་དེ་རེད། རེ་བ་འདི་དང་སྐད་ཆ་འདི་ནི་ཁ་གསལ་གཏིང་གསལ་དུ་བཏང་ན། སྐུ་རབས་གོང་མ་རྣམས་ཀྱིས་ད་བར་དེ་ཙམ་འཇོན་མ་སོང་། ད་ནི་གཞོན་རབས་པ་ཞིག་གི་ལག་ཏུ་བཞག་ན་ཡག་གི་རེད་ཟེར་བ་དེ་རེད། འོན་ཀྱང་རྒན་པ་ཞིག་ཡིན་ནའང་ཆོག་ལ་གཞོན་པ་ཞིག་ན་ཡང་ཆོག གང་ལྟར་ཀྱང་ཐུག་དགོས་ས་ནི་རྒྱ་ནག་སྲིད་གཞུང་གི་དཔོན་རིགས་ཚོ་ཡིན་པ་ལས། རྒྱ་ནག་གི་བུ་མོ་རྒན་གཞོན་གཉིས་མིན་ན་བཀའ་བློན་ཁྲི་བར་རྒན་གཞོན་གྱི་ཁྱད་པར་ཞིག་རྩོད་ཨེ་དགོས་པར་འདོད།
ཡང་ཁག་གཅིག་གིས། བློ་སེང་ནི་མི་བུ་སྤྱི་མ་ཞིག་ཡིན་པས་ཁོང་བཀའ་བློན་ཁྲི་བར་འཐོབ་ན་རྒྱ་ནག་གཞུང་ལ་བོད་རྙིང་པ་རོ་ལངས་རྒྱག་འདོད་མིན་པར། བོད་གསར་བ་ཞིག་ལངས་ཀི་ཡོད་པའི་བརྡ་ལན་གསལ་བོ་ཞིག་སྟེར་ཐུབ་པར་བཤད། སྐད་ཆ་འདི་ཐོག་མ་ཡོང་ས་ཡང་བློ་སེང་རང་ནས་འགོ་ཚུགས་པ་ཡིན། རྒྱ་ནག་གཞུང་གི་བོད་གསར་བ་ཞིག་ཡོང་གི་ཡོད་པ་སྔ་ས་ནས་ཤེས་ཡོད་པས། བརྡ་ལན་དེ་ཡང་ལྟོས་འཇོག་གི་དགོས་པ་ཆུང་ཆུང་ཞིག་རེད།
ཡང་སྐོར་གཅིག་གིས། བློ་སེང་བཀའ་བློན་ཁྲི་བར་འཐོབ་ན་བཙན་བྱོལ་གཞུང་འདི་མང་གཙོ་ཡང་དག་པ་ཞིག་ཡིན་པ་སྟོན་ཐུབ་ཟེར། སྐབས་འདིར་ང་ཚོས་ཤེས་དགོས་པ་ཞིག་ལ། བཙན་བྱོལ་གཞུང་གིས་ད་ཆར་མང་གཙོ་ཡང་དག་པ་ཡིན་མིན་རྩོད་ཀི་མེད་པ་དེ་ཤེས་དགོས། བཙན་བྱོལ་གཞུང་གིིས་མང་གཙོ་ཡང་དག་ཅིག་རྩོད་བཞིན་པ་ཡིན་ན། བློ་སེང་ལྟ་བུ་མི་སྤྱི་མ་ཞིག་མི་མང་གི་འོས་བླུགས་ཀྱིས་བཀའ་བློན་ཁྲི་བར་འཐོབ་ན་དེ་ནི་མང་གཙོ་ཡང་དག་ཡིན་མིན་གྱི་དཔང་རྟགས་ཤིག་རེད།
ཡང་ལ་ལས། བློ་སེང་ནི་ཁྲིམས་ལུགས་མཁས་པ་ཞིག་ཡིན་པས། བཀའ་བློན་ཁྲི་བའི་འོས་ཆོས་ཚང་བ་མ་ཟད། ཁྲིམས་ལུགས་ཀྱིས་བོད་ཀྱི་བདེན་མཐའ་སེལ་ཐུབ་པར་ཡིད་ཆེས་ཐག་རིང་ནས་བྱེད་བཞིན་ཡོད། བོད་རྒྱ་གཉིས་ཀྱི་དཀའ་རྙོག་འདི་ཁྲིམས་ལུགས་ཀྱི་ངོས་ནས་སེལ་ཐུབ་པ་ཞིག་ཡིན་ན། རྒྱ་ནག་སྲིད་གཞུང་གིས་མི་འདོད་ས་ནས་ང་ཚོས་ཁྲིམས་གཏུགས་བྱས་ཏེ་རྒྱལ་སྤྱི་ཆེས་མཐོའི་ཁྲིམས་ཁང་དུ་བསྐྱེལ་ན་ཅི་མི་ཆོག
དེས་ན་ང་ཚོས་བཀའ་བློན་ཁྲི་བའི་འོས་མི་གླེང་དུས་བྱུང་བ་གཙོ་བོར་མི་བརྗོད་པར་ཅི་ཕྱིར་ཁོང་བཀའ་བློན་ཁྲི་བར་ལངས་ཀི་ཡོད་པའི་ཕུགས་འདུན་དང་། མི་གཤིས་དེ་ཅི་ཀྱང་གླེང་དགོས་པར་འདོད་དོ།།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།