བདག་གི་སྙན་དེབ་མཚམས་སྦྱོར།

22/07/2014 18:05


 བདག་གི་སྙན་དེབ་གཉིས་ཀྱི་མཚམས་སྦྱོར།

འབའ་སྲས།

ས་མཐའི་འཚོ་བའི་རླུང་གིས་སྐྱོམ་པའི་མཚོར།།
དཀའ་སྡུག་སྙུ་གུ་གྲུ་ཡི་དེད་དཔོན་གྱིས།།
བརྩོན་པ་རྒྱ་ཆེར་བརྟེན་པའི་མཐའ་མ་རུ།།
སྙན་ངག་རིག་གི་གྲོང་ཁྱེར་མཐོང་བས་སྤོབས།།

ཅ་དངོས་འབྱོར་བ་ས་ལ་མ་བཀྲམས་ཤིང་།།
བདེ་སྐྱིད་འཚོ་བའི་སྟེགས་བུར་མ་བསྡད་པར།།
དབྱངས་གསལ་སོ་བཞི་སྲོག་དང་བསྡོས་པ་ཡིས།།
ཚངས་སྲས་ཕྱག་གི་པི་ཝང་བདག་གིས་རྙེད།།

མུག་གེ་དཔའ་བོས་རལ་གྲི་གདེངས་པའི་ཁས།།
ཁོ་ཡི་སྙུ་གུའི་མགོ་བོ་མ་ཆོད་པར།།
ས་སྟེང་ཁྲག་དམར་བསྐྱིལ་བའི་དཔའ་རྒོད་ཀྱང་།།
བདག་གི་སོར་མོའི་རྩེ་ནས་དུར་དུ་བཅུག །

འཁོར་བ་ཝ་མོའི་གཡོ་སྒྱུའི་མཇུག་མ་ཡིས།།
ཟང་ཟིང་རྣམ་འཕྲུལ་ཟློས་གར་སྟོན་བྱེད་ཀྱང་།།
གཡོ་མེད་རྡོ་རྗེ་རིག་པའི་དབྱངས་འཁྲོལ་བའི།།
བདག་སྙུག་ལུས་ཀྱི་བ་སྤུ་གཡོ་མ་གྱུར།།

ཉི་ཟླ་སྐར་གསུམ་ཟ་བའི་གཟའ་ཅན་གྱིས།།
ཁོ་བོའི་དུས་ཀྱི་ལང་ཚོ་མིད་འདོད་ཀྱང་།།
དབྱངས་ཅན་ཕྱག་གི་པི་ཝང་བརྡུངས་བྱས་ཚེ།།
འདྲེ་རྣར་རྐང་གླིང་བཞིན་དུ་རྒྱང་དུ་བྲོས།།

འཁོར་བ་འདྲེ་རྒོད་མང་བའི་དུར་ཁྲོད་དུ།།
ང་རྒྱལ་ཅན་གྱི་གསོན་འདྲེ་མང་ན་ཡང་།།
ཁོ་ཡི་སྙུ་གུ་ལྷ་ལས་བྱུང་བ་ཡིས།།
ལྷ་མིན་གསོན་འདྲེ་མིག་གཉིས་ལོང་བར་བྱས།།

དེ་ལྟར་ལྷ་འདྲེ་བཙན་གྱིས་མ་ཐུབ་པའི།།
ཁོ་བོའི་སྙན་ངག་གྱི་ལིང་རྒོད་པོའི་ཁར།།
ལྕགས་ནག་འཛེར་མ་ཅན་གྱི་སྲབ་བཞག་ཀྱང་།།
མ་ཐུབ་ངག་གི་འཚེར་སྐད་ཅི་དགར་བསྒྲོགས།།

འདི་ན་ས་གསུམ་འཛིན་མའི་སྤྱན་ཟུང་གདངས།།
གངས་ཅན་བོད་ཕྲུག་གླུ་སྐད་རླུང་གིས་བསྐྱོད།།
གངས་ཁྱིམ་གཙང་མོའི་ལ་རྒྱ་འབྲུག་གིས་ལྡིར།།
སྙན་ངག་ལམ་བགྲོད་སྐེས་རྐང་ལུང་གིས་བཙུགས།།

མངར་སྐྱུར་འཚོ་བའི་རི་མོ་འདི་ན་གསལ།།
འཇིག་རྟེན་རྫུན་མའི་ངོ་གདོང་འདི་ནས་གཤགས།།
ཕ་ཡུལ་དྲན་པའི་སྐྱོ་གླུ་འདི་ནས་ཐོས།།
ཀྱེ་ཧུད་མ་ཡི་མིག་ཆུ་འདི་ན་བཞུར།།

སེམས་ཚོར་དམར་པོ་འཇིག་རྟེན་ཁམས་སུ་ལུད།།
ཚོར་རྟོག་མངར་སྐྱུར་སྙུ་གུའི་རྩེ་ནས་བསྐྱུགས།།
གསང་བའི་ཕྱི་ནང་ཤོག་དཀར་ངོས་སུ་བཀོད།།
རྟོག་འགྱུའི་རི་མོ་ལྟ་ན་འདི་ན་གསལ།།

ཚོར་བའི་སྤྲིན་ཕུང་གངས་དཀར་སེམས་སུ་བསྡུས།།
དཔྱོད་ཤེས་གློག་དམར་འཚོ་བའི་གསེབ་ཏུ་འཁྱུག །
མངོན་ལྐོག་འཇིགས་རུང་གདོང་འབག་ཐད་ཀྱིས་དབྲལ།།
སེམས་ཁམས་ཁྲག་རྩ་ཁོལ་བའི་རྦ་རླབས་འཕྱུར།།

རང་ཁྱིམ་དྲོད་མོ་ཀླད་པའི་གཙུག་ཏུ་འཛིན།།
གཅེས་པའི་ཆུང་མ་དཔྲལ་བའི་མིག་ལྟར་གཅེས།།
བུ་ཕྲུག་ཚོམ་བུ་བཀྲ་བའི་ཆུན་པོ་ལ།།
སྦྲང་ཆར་བསིལ་མའི་བདུད་རྩི་འདི་ན་བསྟམས།།

གྱི་ལིང་རྟ་ཡི་འཚེར་སྐད་བསྒྲོགས་པའི་རྗེས།།
སྒོ་འགྲམ་གསང་བའི་ལམ་ཁ་བདག་གིས་ཉུལ།།
སྙིང་ཕྱེད་རྣག་གིས་ཟོས་པའི་ལོ་ཟླའི་རིང་།།
ན་ཆུང་མཛེས་མ་སྟོང་གི་རྨི་ལམ་དཀྲུགས།།

སྙུ་གུའི་འཁྱུག་རྩལ་དྲ་བའི་ཐང་ལ་བཀོད།།
སྙན་འཇེབས་ལ་གཞས་གླུ་མའི་སྙན་ལ་བླངས།།
ཚོར་བའི་མེ་སྟག་མཆེད་པའི་གྲི་ཁ་ནས།།
སྨན་ཤར་རྨ་བྱའི་སྒྲོ་མདོངས་ས་ལ་ཐོར།།

མཚམས་སྤྲིན་འབར་བའི་མེ་ལྕེ་མཁའ་རུ་འཁྱུག །
རྟོག་བཟོ་ཟླ་བ་ཆུང་མའི་རུམ་ནས་གང་།།
དངོས་དང་དངོས་མིན་སེམས་ཀྱི་ཕྱི་ནང་ཡི།།
དམར་རྗེན་ལུས་གཟིགས་དེབ་ཕྲེང་གཉིས་ལ་དཔར།།

དེ་མཐོང་བཙན་གྲོལ་ཨ་ཚེ་དགྱེས་པ་ཡིས།།
བདག་གི་ཡིག་འབྲུ་རེ་རེ་འཇའ་ལ་སྤྲོས།།
རྨ་དུག་ལྕེ་ཡིས་བདག་གི་གསང་བ་དག །
དུར་ཁྲོད་རིམ་པ་དགུ་ཡི་སྒམ་ནས་ཕྱུང་།།

དེ་ལྟ་མོད་ཀྱང་བསྔགས་ན་མི་འཕུར་ཞིང་།།
སྨད་ན་མགོ་བོ་སྐེ་ནས་མི་ཆག་པ།།
བདག་གི་སེམས་ཀྱི་དམ་ཚིག་དང་པོ་ནི།།
མ་ཤི་བར་དུ་སྙན་ངག་འབྲི་དེ་འོ།།

༣༠/༡༠/༡༣ དགོང་མོར།
Sent from my iPhone

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།