བཟའ་ཚང་འགྲིག་མཐུན་གྱི་རྩ་བ།
13/01/2013 19:45 བཟའ་ཚང་འགྲིག་མཐུན་གྱི་རྩ་བ།
སྐྱིད་ན་མཉམ་དུ་དགོད་པའི་བཟའ་ཚང་ཞིག །
སྡུག་ན་ལྷན་དུ་ངུ་བའི་བཟའ་ཚང་ཞིག །
སྐྱིད་སྡུག་མཉམ་འཁུར་ནུས་པའི་བཟའ་ཚང་ཞིག །
ཡོད་ན་མཐུན་པའི་གཏམ་ལ་ཡིད་མ་ཆེས།།
ཁྱིམ་ཚང་འཚོ་བའི་ཐད་ནས་མཐུན་པ་དང་།།
ཕན་ཚུན་ཡིད་ཆེས་བརྩེ་བ་ཟབ་ན་ཡང་།།
ཆགས་སྤྱོད་འདོད་མོས་ཕྱོགས་ནས་མ་མཐུན་པས།།
བཟའ་ཚང་ཁ་ཁར་བྱེད་པ་ཤིན་ཏུ་མང་།།
ཁྱོ་ཀ་འགའ་ཞིག་འདོད་པའི་མོས་པ་ཆེ།།
མཚན་རེར་ཐེངས་རེ་སྤྱོད་ཀྱང་ཚིམས་པར་དགའ།།
ཆུང་མར་ཟླ་མཚན་འབབ་པའི་དུས་སྐབས་སུ།།
བུད་མེད་གཞན་ལ་སྤྱོད་པའི་གོ་སྐབས་འཚོལ།།
བུད་མེད་མང་ཆེ་གཟུགས་པོ་བདེ་བ་དང་།།
སེམས་ཁམས་སྐྱིད་ན་མཚན་རེར་ཐེངས་འགའ་རུ།།
སྤྱད་ཀྱང་ཚིམས་པར་དཀའ་ཞིང་ཉིན་མོ་ཡང་།།
འདོད་པར་བསྟེན་པའི་ལུགས་འདི་མང་དུ་འཛིན།།
ཁྱོ་ཤུག་སུ་རུང་དང་པོ་འགྲོགས་པ་ནས།།
ཕལ་ཆེར་ཟླ་བ་གཅིག་ནས་གཉིས་ཙམ་བར།།
ལུས་དང་འཚོ་བའི་དཀའ་ངལ་ཡོད་ན་ཡང་།།
ཟླ་མཚན་དུས་ཕུད་མཚན་མོ་དག་ཏུ་སྤྱོད།།
དང་པོ་ཨག་སར་ཆེ་བའི་སྐྱོན་མིན་ཞིང་།།
ཆགས་པའི་རླུང་རྩ་མཐོ་བའི་སྐྱོན་ཡང་མིན།།
བཟའ་ཚང་བརྩེ་བའི་སྙིང་བོ་འདི་ཡིན་པ།།
མ་སྐུལ་རང་བྱུང་སེམས་ནས་ལྷུན་གྱིས་བབས།།
དེས་ན་བཟའ་ཚང་འཚོ་བའི་མཐུན་རྐྱེན་དང་།།
མི་གཤིས་སེམས་པའི་ཀློང་ནས་མཐུན་ན་ཡང་།།
མཚན་མ་གཉིས་སྦྱོར་བྱེད་ལ་མ་མཐུན་པས།།
རང་རང་སར་ལ་གྱེས་པ་མང་དུ་མཆིས།།
འདི་ནི་གཞན་ལ་མི་སྒྲོགས་སེམས་པའི་གཏིང་།།
མི་ཚེ་གཅིག་ལ་གསང་བའི་གསང་ཚིག་སྟེ།།
ཕ་དང་མ་ཡིས་དྲིས་ཀྱང་མི་བཤད་པས།།
རང་རང་སེམས་ཀྱི་གཉེན་པོ་གསང་བ་འོ།།
དགོང་མོར་ཉལ་དུས་འཛུམ་དང་དགོད་སྒྲ་མང་།།
ཞོགས་པར་ལངས་དུས་གཉིས་ཀའི་རྣམ་འགྱུར་རྩུབ།།
བདེ་བདེ་མལ་ཁ་དྲོ་བའི་རུམ་ཁ་ནས།།
སྡིག་རྩུབ་ཆེ་བའི་དོན་ཞིག་ཅིའི་ཕྱིར་བྱུང་།།
སྐབས་རེར་ཆུང་མར་འདོད་པ་མེད་ན་ཡང་།།
ཁྱོ་ཀས་ནན་གྱིས་སྐུལ་བའི་སུན་སྣང་དང་།།
ལན་རེར་ཆུང་མར་དགོས་ཀྱང་ཁྱོ་ཀའི་མཇེ།།
གེག་ལངས་མ་ཐུབ་སྐྱོན་ཆ་གཉིས་ལས་བྱུང་།།
ཕན་ཚུན་གཉིས་ལ་འདོད་པ་འཕེལ་བ་ཡིས།།
འཁྱུད་དང་སྤྱོད་པའི་སྙིང་རྩ་འཕར་ན་ཡང་།།
སྤྱོད་པའི་ལུགས་ཀྱི་དྲག་ཞན་མ་མཚུངས་པས།།
གང་ལ་དེ་མཐུན་མ་བྱུང་སྐྱོན་ཡང་མཆིས།།
ཁྱོ་ཀ་ཕལ་ཆེར་དྲག་དང་རྩུབ་ལ་དགའ།།
ཁུ་བ་རྒྱུན་རིང་མི་ཐུབ་མྱུར་དུ་འཆོར།།
བུད་མེད་མང་ཞིག་དེ་ལས་ལྡོག་པ་སྟེ།།
རྒྱུན་རིང་ངང་རྒྱུད་འཇམ་པའི་ལུགས་འདི་མཁོ།།
སྤྱོད་སྟངས་བྱས་ལུགས་མི་མཚུངས་རང་རང་ལུགས།།
གཉིས་སྦྱོར་ལམ་ཀྱི་དབུས་སུ་མ་མཐུན་པས།།
གཅིག་གི་འདོད་ལྟར་བྱས་ན་གཅིག་མི་དགའ།།
གཉིས་ཆར་འགྲིག་ཅིང་སྐྱིད་པའི་ཐབས་མ་བརྙེད།།
དེ་ལྟར་ཁྱིམ་ཚང་གཅིག་ནས་སེམས་མཐུན་ཡང་།།
གདན་ཐོག་གཅིག་ནས་ཉལ་བའི་ལུས་མ་མཐུན།།
ལུས་ཀྱི་དབང་བོ་གཉིས་ཀྱི་ཁ་མ་མཐུན།།
རྩ་བ་དེད་ན་བཟའ་ཚང་བར་མ་མཐུན།།
དེས་ན་ཁོ་བོས་བཟའ་ཚང་འགྲིག་མཐུན་ལ།།
མཚན་མ་གཉིས་སྦྱོར་མཐུན་པ་རྩ་བ་སྟེ།།
སྨད་ཀྱི་དབང་བོའི་བྱེད་ལུགས་ལྡོག་པ་ན།།
སྟོད་ཀྱི་གདོང་གཉིས་གྱེས་པའི་གཏམ་འདི་བཤད།།
སྐྱིད་སྡུག་མཉམ་འཁུར་མི་ཚེ་མཐའ་ཆོད་ལ།།
དམ་བཅའ་བྲག་ཏུ་བརྟན་པའི་བཟའ་ཟླ་ཚོ།།
དབང་བོ་གཉིས་སྦྱོར་འགྲིག་མཐུན་རྩ་བར་ཟུངས།།
སྣང་མེད་བྱས་ནས་བྲག་གི་རི་བོ་འཇིག །
Tags:
———
Back