བརྗེད་དཀའ་བའི་རྡ་རམ་ས་ལ།
02/07/2011 00:22རྒྱ་གར་གྱི་གྲོགས་པོ་ཞིག་ལ།
ཝ་ར་ཎ་སའི་སློབ་ཆེན་དེ་རུ།།
རང་ལུས་སྐམ་པོ་སྡུག་ལ་གཏད་ནས།།
ལྔ་རིག་རི་བོའི་རྩེ་རུ་འཛེགས་མཁས།།
གྲོགས་ཁྱོད་སྐྱིད་པོ་བདེ་མོ་ཡིན་ནམ།།
སྤྱི་ལོ་ཉིས་སྟོང་བཅུ་གཅིག་ཚེས་པར།།
བཀྲ་ཤིས་བདེ་ལེགས་ཞུ་བའི་ཚབ་ཏུ།།
རྡ་རམ་ས་ལ་དྲན་པའི་གླུ་ཞིག །
དེ་རིང་གྲོགས་པོ་ཁྱོད་ལ་ངས་ལེན།།
རྡ་རམ་ས་ནས་ལམ་ལ་ཆས་ཏེ།།
ནུབ་ཕྱོགས་པ་ཡི་ཡུལ་ལ་འབྱོར་ཐལ།།
ནུབ་ཕྱོགས་གྲོང་ནས་ལོ་བཞི་འགོར་ཡང་།།
རྡ་རམ་ས་ལ་བརྗེད་ཐབས་མི་འདུག །
རྒྱ་གར་བྷ་སྦོ་སྡང་སྡིགས་ཆེ་ཞིང་།།
གཞི་ཆགས་བུ་མོས་གསར་འབྱོར་དམོད་ས།།
རང་ལ་གཅེས་པའི་མི་ཞིག་མེད་ཀྱང་།།
རང་ས་ལྟ་བུ་ཡིད་ལ་འཁོར་འཁོར།།
ལོ་གཅིག་ལྭ་བ་བརྗེ་བོ་མེད་ཅིང་།།
དུས་གཅིག་ཟས་ཀྱིས་ཉིན་མཚན་བསྐྱེལ་མྱོང་།།
སྤྲང་བོ་ཞིག་གི་མིང་ཡིག་འབྲི་ས།།
རྡ་རམ་ས་ལ་སེམས་ནས་བརྗེད་དཀའ།།
རྡ་རམ་ས་ལའི་རི་རྩེ་དེ་ནས།།
རི་དྭགས་ཤིག་གི་འདུག་སྟངས་བཟུང་པས།།
འབྱོར་ལྡན་པ་ཚོའི་སེམས་པའི་ངོས་ལ།།
དུད་འགྲོ་ཞིག་གི་བག་ཆགས་བཞག་ཡོད།།
རྡ་སའི་རི་ཡི་ནགས་གསེབ་དེ་རུ།།
སྤྲེ་འུ་ཚོགས་དང་ལྷན་ཅིག་གནས་པའི།།
མི་བུ་ཞིག་གི་ལས་དབང་ཆུང་ཆུང་།།
རི་རྩེ་དེ་ནས་རླུང་གིས་དེད་མྱོང་།།
རྡོ་བརྩིགས་ཁང་པ་སྤྱིལ་བུ་ཞིག་ནས།།
ངན་ངོན་འཚོ་བའི་དཀའ་ཐུབ་ལ་བརྟེན།།
མི་ལ་རས་པའི་རྣམ་ཐར་སྐྱོང་ས།།
རྡ་རམ་ས་ལ་ཕ་ཡུལ་གཉིས་པ།།
ཕ་ཡུལ་ལྟ་བུའི་རྡ་རམ་ས་ལ།།
དམྱལ་བ་དང་མཚུངས་དཀའ་སྡུག་མོད་ཀྱང་།།
ལྷ་ཡུལ་འདྲ་བའི་ཞེ་འདང་ཟབ་མོ།།
གང་དུ་ཆས་ཀྱང་འདོར་ཐབས་མི་འདུག །
རྡ་ས་དྲན་པའི་གླུ་ཆུང་འདི་ཉིད།།
བག་ཆགས་ཤིག་གིས་རྗེས་ནས་བསྐུལ་ཅིང་།།
བརྩེ་སེམས་ཤིག་གིས་དབྱངས་ལ་གྱེར་ཡོད།།
གྲོགས་ཀྱི་ཡིད་ལ་འཐད་པའི་སྨོན་ལམ།།
Tags:
———
Back