བརྩེ་དུང་གི་མཐའ།

10/07/2012 17:26



ཆུ་བོ་རླབས་ཀྱིས་འཕྱུར་བ་དྭངས་ཤིང་།།
ནམ་མཁའ་སྤྲིན་པས་དག་པ་གཙང་ཡང་།།
ལྗོན་ཤིང་ལོ་མ་རྙིད་པ་ལྟ་བུའི།།
ང་ཡི་སེམས་ཀྱི་མཛེས་སྡུག་བོར་སོང་།།

དང་པོར་ངེད་གཉིས་མཛུབ་མོ་ཀེར་ནས།།
ཟླ་བར་འཕྱ་བའི་སྙན་ངག་བྲིས་མྱོང་།།
ད་ནི་མུན་པ་སེམས་ལ་འཐིབས་པའི།།
སྙན་ངག་རང་ལ་འབྲི་དགོས་བྱུང་སོང་།།

ལག་པའི་ནང་ཤ་གཅིག་ཏུ་འཇུས་ནས།།
བརྩེ་བའི་སྐུད་པ་གཅིག་ལ་དཀྲིས་དུས།།
སེམས་དང་སེམས་པའི་བར་ཁུག་འདི་ལ།།
འགྱུར་ལྡོག་ཕ་བོང་ལྷུང་འགྲོ་མ་བསམས།།

མི་ཚེ་འདི་ཕྱི་བརྗེ་བོ་མ་བརྒྱབས།།
ལོ་དང་ཟླ་ཡི་གྲངས་ཀ་མ་འཁོར།།
ཉིན་དང་ཞག་གི་མཐུད་མཚམས་བར་ནས།།
ཁྱོད་ཀྱི་རྐང་རྗེ་རླུང་གིས་བསུབས་སོང་།།

རྒྱང་ལ་མི་འགྲོ་དམ་བཅའ་བརྟན་པོ།།
འགལ་བར་མི་བྱེད་མནའ་ཚིག་ཟབ་མོ།།
ཁྱོད་ལ་དགའ་ཞེས་ཁ་ཡག་སྙན་མོ།།
དེ་རིང་གང་ནས་དུར་ལ་བཅུག་ཡོད།།

བདག་གི་བྲང་ཁར་རླུང་བུ་ལྡང་དུས།།
ཁྱོད་ཀྱི་ཤ་དྲོད་སུ་ལ་བརླན་ཡོད།།
སྐྱོ་གདུང་མིག་ལས་མཆི་མ་ཟེགས་དུས།།
ཁྱོད་ཀྱི་འཛུམ་མདངས་སུ་ལ་བསྟན་ཡོད།།

ང་ཡི་སེམས་པ་རླུང་གིས་གཡོས་སོང་།།
ང་ཡི་འདུན་མ་ཆུ་བོས་འཁུར་སོང་།།
རོ་དང་འདྲ་བའི་ལུས་པོ་འདི་ཉིད།།
ཁང་ཆུང་འདི་ནས་མ་ཤི་ལྷག་ཡོད།།

ཉི་མ་ནུབ་པ་ཤར་བ་མཐོང་སོང་།།
ཟླ་བ་གྲིབ་པ་འཕེལ་བ་རིག་ཡོད།།
སྙིང་གི་བྱམས་པ་ཕར་ལ་ཆས་པ།།
ཕྱིར་ཡོང་སྒུག་པའི་སེམས་འདི་ལྕི་ཨང་།།

ད་ནི་སྒུག་པའི་སྡུག་བསྔལ་མི་འཛིན།།
རེ་བའི་མིག་གིས་ཁྱོད་ལ་མི་ཅེར།།
སེམས་ཀྱི་དཀར་ངོགས་ཁྱོད་ལ་མི་གཏོད།།
ང་ཡང་ཁྱོད་བཞིན་རྒྱང་ལ་ཆས་འགྲོ །

 

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།