བུད་མེད་ཇི་ལྟར་དགའ་བར་བྱེད།

12/03/2013 14:19

      བུད་མེད་ཇི་ལྟར་དགའ་བར་བྱེད།

 
ཁྱོད་ཀྱི་སྐྱེ་གཟུགས་ཚིགས་དྲུག་སྨྱུག་མ་དང་།།
ཁྱོད་གདོང་ཟླ་བ་ལས་ཀྱང་མཛེས་སོ་ཞེས།།
ཁ་ཡག་ངོ་དགའ་བཤད་པའི་སྐད་ཆ་ཡིས།།
བུད་མེད་སེམས་གཏིང་དགའ་བ་འདྲེན་མི་ཐུབ།།
 
ཁྱོད་ནི་མེད་ན་ང་ཡང་མེད་པར་འགྱུར།།
ཁྱོད་དང་ང་ཡི་ཚེ་སྲོག་གཅིག་ལ་གཅིག །
འཆི་གསོན་མཉམ་གནས་ཐུབ་པའི་རྫིག་པོའི་གཏམ།།
སྨྲ་ཡང་བློ་ལྡན་མ་རྣམས་འགུག་པར་དགའ།།
 
བུད་མེད་སེམས་ཀྱི་འདོད་པ་དང་པོ་ནི།།
སྐྱོ་བའི་དུས་སུ་དགའ་བའི་འཛུམ་མདངས་ཅན།།
འགལ་བའི་དུས་སུ་མཐུན་སྒྲིག་བློ་གྲོས་ཅན།།
སུ་ཞིག་ཡིན་ན་དེ་ལ་དགའ་བར་བྱེད།།
 
བུད་མེད་རྣམས་ཀྱི་མ་འོངས་རྗེས་ལ་ལྟ།།
སྐྱེས་པ་དག་གིས་གནས་སྐབས་འཛིན་པར་བྱེད།།
སྐྱེས་པ་བུད་མེད་མི་ཚེ་ལྟ་སྟངས་ལ།།
ཁྱད་པར་མཆིས་པ་རྟོགས་པ་ཤིན་ཏུ་གལ།།
 
ཕྱི་ཡི་མཛེས་སྡུག་སྤྲད་ཀྱང་མི་འགུག་ལ།།
ནང་གི་འབྱོར་བ་ཕུལ་ཡང་མི་དགའ་བའི།།
བློ་ལྡན་བུད་མེད་ཇི་ལྟར་དགའ་བྱེད་པའི།།
ལེགས་བཤད་གསར་བ་བོད་པའི་བུ་ལ་འཆད།།
 
དང་ཐོག་བུད་མེད་དགའ་བར་བྱེད་པ་ལ།།
རང་ལ་དཀའ་ངལ་འཕྲད་ཚུལ་མང་མང་གླེང་།།
དཀའ་ངལ་ཇི་ལྟར་སེལ་བའི་ཐབས་རྣམས་ཤོད།།
མ་འོངས་ཅི་ཞིག་བྱ་བའི་འཆར་གཞི་བརྗོད།།
 
བཤད་པའི་ཚེ་ན་དགོད་ཁ་གཙོ་བོར་ཟུངས།།
གདོང་ལས་འཛུམ་མདངས་སྟོན་རྒྱུ་མ་བརྗེད་ཅིག །
དཀའ་སྡུག་གང་ལ་འཕྲད་ཀྱང་མི་ཞུམ་པའི།།
གསལ་བརྡ་ཡིན་པ་བུད་མེད་རྣམས་ཀྱིས་རྟོགས།།
 
ཉིན་གཅིག་དུས་གཅིག་དགའ་སྤྲོ་བྱས་པ་ཡིས།།
སྐྱེས་པ་ཕལ་ཆེར་འདོད་བློ་ཚིམས་པར་ངེས།།
འོན་ཀྱང་བུད་མེད་དེ་ལྟར་མ་ཡིན་ཏེ།།
མི་ཚེ་གཅིག་ལ་དགའ་བ་ཁོ་ན་བསམ།།
 
དེས་ན་ཉིན་གཅིག་སྤྲོ་དགའ་བྱས་པ་ཡིས།།
ཚུལ་རྣམས་བུད་མེད་རྣ་ལ་གླེང་མི་བྱ།།
ཚེ་གང་སྤྲོ་བ་བྱེད་པའི་འཆར་གཞི་དག །
གོང་བསྒྲིགས་བརྗོད་ན་བུད་མེད་མཆོག་ཏུ་དགའ།།
 
བུད་མེད་ཡ་ཆུང་སེམས་པ་ཆུང་ཆུང་སྟེ།།
ཆུང་བ་ཙམ་གྱིས་མིག་ལས་མཆི་མ་ལྷུང་།།
འོན་ཀྱང་མཆི་མ་རྡོག་གཅིག་ལྷུང་བ་ཡིས།།
མི་ཚེ་གཅིག་གི་རེ་བའི་རིན་ཐང་མཚོན།།
 
སྐྲ་རིང་བློ་ཐུང་ཟེར་ནས་སྨད་ན་ཡང་།།
མི་ཚེ་ལྟ་སྟངས་བུད་མེད་ཤིན་ཏུ་རིང་།།
མགྲིན་པ་ཡན་ཆད་ཙམ་གྱིས་སྐད་ཆ་ཡིས།།
བུད་མེད་སེམས་གཏིང་དགའ་བ་སློག་མི་ཐུབ།།
 
སྐྱེས་པ་ཕལ་ཆེར་གནས་སྐབས་ཙམ་ལ་དགའ།།
བུད་མེད་མང་ཆེ་མི་ཚེ་མཐའ་ལ་དགའ།།
མི་ཚེ་མཐའ་རུ་འཁྱོལ་པའི་སེམས་པ་ཞིག །
སུ་ལ་ཡོད་ན་བུད་མེད་དེ་ལ་དགའ།།
 
རྒྱུ་དང་འབྱོར་བར་མི་བལྟ་བུད་མེད་མང་།།
གཟུགས་དང་ཕོ་སྒོར་མི་བལྟ་བུད་མེད་མང་།།
བུད་མེད་མང་བོས་མི་ཚེ་སྐྱིད་པར་བལྟ།།
བུད་མེད་སྐྱིད་པའི་ལས་འགན་བུ་ལ་ཡོད།།
 
དཔེར་ན་བཟའ་ཚང་ཁ་རྩོད་ཤོར་བའི་རྗེས།།
ཆུང་མ་རྣམས་ཀྱིས་མིག་ཆུ་འདོན་པ་ལས།།
ཟླ་འགའ་ཕྱིན་ཡང་སྐྱེས་པར་ཁ་མི་གྲགས།།
འོན་ཀྱང་སྐྱེས་པའི་སྐད་ལ་ཉན་འདོད་ཆེ།།
 
སྐབས་དེར་སྐྱེས་པ་ཚོ་ནི་ཇག་རྐུན་བཞིན།།
ཕྱི་རུ་འཁྱམས་ནས་ཁྱིམ་དུ་ལོག་མི་ཡོང་།།
འོན་ཀྱང་ཆུང་མས་ནམ་ཡང་ཁྱོད་རང་ལ།།
ཁྱིམ་དུ་ལོག་ན་བསམ་པའི་རེ་བ་ཆེ།།
 
འདི་ནི་ཆུང་མའི་བརྩེ་བ་ངོ་མ་དང་།།
ཁྱོ་བོར་འཆིང་བའི་སེམས་ཁྲེལ་བདེན་པ་སྟེ།།
ཁྱོད་ལ་བཅིངས་པའི་བརྩེ་བ་མེད་གྱུར་ན།།
དོན་མེད་མི་ལ་མིག་ཆུ་ག་ལ་ལྷུང་།།
 
དེ་བས་བུད་མེད་རྣམས་ནི་དགའ་བྱེད་ན།།
རང་གི་རང་གཤིས་གཙོ་བོར་སྟོན་པ་གཙོ།།
བོང་བུས་གཟིག་ལྤགས་གྱོན་པའི་མདོག་བསྟན་ན།།
བུད་མེད་རྣམས་ནི་ནམ་ཡང་དགའ་མི་བྱེད།།
 
དགའ་སྡུག་ཇི་ལྟར་སེལ་བའི་ཐབས་ལམ་ཤོད།།
རང་གི་བདེ་སྐྱིད་ཅི་ཡིན་འགྲེལ་བཤད་དགོས།།
ཅི་ཕྱིར་དགའ་ཞེས་དྲིས་ན་ལན་འདེབ་དགོས།།
འདི་གསུམ་གཙོ་བོར་འཛིན་པའི་བུད་མེད་མང་།།
 
བུད་མེད་སྐྱོ་བའི་དུས་ན་གདོང་གྲོགས་དང་།།
བུད་མེད་སྡུག་པའི་དུས་ན་ཁེན་པའི་རྟེན།།
སྐྱེས་པ་ལས་ཞིག་གཞན་ན་ཡོད་མིན་པས།།
བུད་མེད་རྣམས་ཀྱིས་སྐྱེས་པ་མཆོག་ཏུ་ལྟ།།
 
དེ་བས་ཕྱིར་ན་སྐྱེས་པའི་སེམས་གཏིང་གི །
སྐད་ཆ་དག་ནི་དྲང་བོར་སྨྲ་བྱས་ཏེ།།
ན་སྡུག་གནམ་དང་ཐབ་ཁ་ང་ཡིན་ཞེས།།
བཤད་ན་བུད་མེད་རྣམས་ནི་དགའ་བར་འགྱུར།།
 
མདོར་ན་ཁྱོད་མཛེས་ང་དགའ་མི་བཤད་པར།།
རྒྱུ་དང་ཕོ་སྒོའི་ང་རྒྱལ་མི་སྟོན་པར།།
བུད་མེད་སེམས་ཀྱི་དགའ་བ་ཤེས་གྱུར་ནས།།
དེ་ཡི་མཐུན་ཕྱོགས་བརྗོད་པ་ཤིན་ཏུ་གལ།།
 
དེ་ལྟར་གྱུར་ན་བུད་མེད་ཀུན་ལས་མཆོག །
འགྲོ་བ་བཟང་མོ་འདྲ་ཞིག་ཁྱོད་ལ་དགའ།།
དེ་ལྟར་མ་བྱུང་བཀྲ་ཤིས་སྣ་ནག་མ།།
ཁྱོད་དང་འཕྲད་ནས་ས་དང་ལམ་ཡང་ནག །
 
༢༨/༠༢/༡༣
 
Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།