བོད་ནང་གི་བོད་པ་ཚོའི་སེམས་ལ་བདེ་སྐྱིད་ཀྱི་གསོན་ཤུགས་མི་འདུག
02/07/2011 17:59བོད་ནང་གི་བོད་པ་ཚོའི་སེམས་ལ་བདེ་སྐྱིད་ཀྱི་གསོན་ཤུགས་མི་འདུག
(གཉིས་སྟོང་བརྒྱད་ལོར་ཆེད་དུ་ལྷ་སར་ཞིབ་རྟོགས་སུ་བསྐྱོད་མཁན་ཨེ་ལོ་རྡེའུ་སྦེར་ནར་ལ་བཅར་འདྲི་བྱས་པ་ཞིག)
པར་སྒྲོན་མཁན། Catherine Hélie |
ལན། ངའི་མིང་ལ་ཨེ་ལོ་རྡེའུ་སྦེར་ནར་(èlodie Bernard) ཟེར་ཞིང་ཧྥ་རན་སིའི་བུ་མོ་ཞིག་ཡིན། ད་ལྟ་རང་ལོ་ཉེར་དྲུག་དང་། ལོ་ཉེར་བཞིའི་ཐོག་སློབ་སྦྱོང་ཐོན་པ་ཡིན།
དྲི་བ། ཁྱེད་རང་ག་དུས་ཤིག་ནས་བོད་པ་ངོ་ཤེས་སུ་གྱུར་བ་དང་། བོད་པ་དང་འབྲེལ་བ་བྱུང་སྟངས་རེག་བསྡུས་ཤིག་བཤད་ན་འགྲིག་གམ།
ལན། ང་ཆུང་དུས་སུ་དེབ་ཐོག་ནས་མ་གཏོགས་བོད་པ་ངོ་ཤེས་གི་མེད། ངའི་ཕ་མ་གཉིས་ཀྱི་དེབ་ཁང་ནང་བོད་པའི་སྐོར་གྱི་དེབ་མང་པོ་འདུག དེབ་འགའ་རེའི་སྟེང་བོད་པའི་དགོན་པ་དང་གྲྭ་བའི་པར་འདུག ང་བོད་པའི་དགོན་པ་དང་གྲྭ་བ་ལ་དགའ་བོ་ཡོད། ཡིན་ནའང་ང་ནང་པ་མིན། ང་ལོ་བཅུ་གཅིག་ཡིན་དུས་ཕ་མ་དང་མཉམ་དུ་རྒྱ་གར་ལ་གུང་གསེང་རོལ་དུ་སོང་བ་ཡིན། རྒྱ་གར་མྰན་ཇི་ཀྲེ་ལ་ནས་བོད་པ་མང་པོ་མཐོང་སོང་། དེ་ནས་རྡ་རམ་ས་ལ་དང་ལ་དྭགས། བལ་ཡུལ་དུ་སོང་པ་ཡིན། དེ་རྗེས་ནས་ཐེངས་འགའ་ཤས་རྒྱ་གར་ལ་སོང་པ་ཡིན། བོད་པ་ངོ་ཤེས་སྟངས་དེ་འདྲ་ཡིན། བོད་ནང་དུའང་སྔོན་མ་ནས་འགྲོ་འདོད་ཧ་ཅང་ཡོད་ཀྱང་འགྲོ་ཐུབ་མ་སོང་། གཉིས་སྟོང་བརྒྱད་ལོར་ངས་གཞུང་གི་ལས་ཀ་གཡུག་ནས་གྲ་སྒྲིག་དང་འཆར་གཞི་གང་ཡང་མེད་པར་གློ་བུར་དུ་བོད་ནང་དུ་ཆས་པ་ཡིན།
དྲི་བ། གཉིས་སྟོང་བརྒྱད་ལོར་ཁྱེད་རང་གློ་བུར་དུ་བོད་ནང་དུ་འགྲོ་དགོས་དོན་གང་ཡིན་ནམ།
ལན། ང་ཚོ་ཧྥ་རན་སིའི་མི་མང་ཚོས་བོད་དེ་ཁྱད་པར་གྱི་དམིགས་བསལ་བ་ཞིག་ལ་བརྩི་ནས་དགའ་མོས་བྱེད་བཞིན་ཡོད། གཉིས་སྟོང་བརྒྱད་ལོར་བོད་ལ་དངོས་ཡོད་ཀྱི་དཀའ་ངལ་ཞིག་ངྱུང་བ་རེད། དེ་ནི་སྤྱི་ཟླ་གསུམ་པའི་ནང་བོད་ས་གནས་མང་པོ་ཞིག་ནས་ཞི་བའི་ངོ་རྒོལ་བྱས་པ་དང་། གཉིས་ནས་ཨོད་ལིམ་པེ་ཁུག་གི་རྩེད་འགྲན་དེ་རྒྱ་ནག་ཏུ་འཚོགས་རྒྱུར་དེར་བོད་པ་གཙོ་བྱས་རྒྱལ་ཁབ་ཁག་མང་པོ་ཞིག་གིས་ངོ་རྒོལ་བྱས་ཡོད་རེད། རྒྱ་ནག་གིས་དཔལ་འབར་ཕ་རིའི་སི་ལ་འཁྱེར་ཡོང་དུས་ཧྥ་རན་སིར་གནས་སྡོད་བོད་པ་ཡོངས་རྫོགས་ཀྱིས་ངོ་རྒོལ་ཤུགས་ཆེན་བྱས་པ་དང་། ཧྥ་རན་སི་གཞུང་དམངས་ནས་ཀྱང་ངོ་རྒོལ་བྱས་ཡོད་རེད། སྐབས་དེར་བོད་ནང་ཁུལ་ཧ་ཅང་ཛ་དྲག་པའི་གནས་སྟངས་ཤིག་གི་འོག་གནས་བསྡད་ཡོད་པ་རེད། བརྙན་འཕྲིན་ནང་དུ་རྒྱ་དམག་སྟོང་ཕྲག་མང་པོ་ལྷ་སར་ཡོང་ནས་བོད་མི་མང་པོ་དམར་གསོད་གཏོང་བ་དང་འཛིན་བཟུང་བྱེད་བཞིན་པ་མཐོང་ཡོང་དུས་ང་རང་དབང་མེད་པར་ཞེ་སྡང་དང་ཁོང་ཁྲོ་ལངས་ནས་སྡོད་ཐུབ་ཀྱི་མི་འདུག ང་ཧྥ་རན་སི་ནས་ཞེ་སྡང་དང་ཁོང་ཁྲོ་ཇི་ལྟར་ལངས་ཀྱང་བོད་ལ་ཕན་ཐོག་གི་མ་རེད། ངའི་བསམ་པར་བོད་ལ་དངོས་སུ་སོང་ནས་གནས་ཚུལ་རེ་ལེན་ཐུབ་པ་དང་། གང་མཐོང་བ་རྣམས་ཡི་གེར་བཀོད་དེ་དེབ་ཅིག་འབྲི་ཐུབ་པ་ཡིན་ན་དགོས་མཚན་ཆེ་བར་མཐོང་། དེ་བས་ང་གློ་བུར་དུ་བོད་ལ་ཆས་པ་ཡིན།
དྲི་བ། གོང་དུ་ཁྱེད་ཀྱིས་ཧྥ་རན་སི་མི་མང་ཚོས་བོད་དེ་ཁྱད་པར་གྱི་དམིགས་བསལ་བ་ཞིག་ལ་བརྩི་ནས་དགའ་མོས་བྱེད་བཞིན་ཡོད་ཟེར། དེ་རྒྱུ་མཚན་གང་གིས་ཡིན་ནམ།
ལན། ང་རང་གི་ངོས་ནས་བལྟས་ན། བོད་མི་རིགས་ནི་དྲང་བདེན་གྱི་མི་རིགས་ཤིག་ཡིན་པ་མ་ཟད། དམིགས་བསལ་གྱི་ཁྱད་ཆོས་ཤིག་ཡོད་པ་ནི། དཀའ་ངལ་ཅི་ཞིག་འཕྲད་ཀྱང་དེ་ལ་གདོང་ལེན་བྱེད་ཐུབ་པའི་སྙིང་སྟོབས་ཆེན་པོ་ཞིག་འདུག་ལ། ད་དུང་སོ་སོའི་མི་རིགས་དང་རིག་གཞུང་ལ་ཤ་ཞེན་ཚ་བོའང་ཡོད་པས་ཡིན།
དྲི་བ། ཁྱེད་རང་བོད་ལ་ཕེབས་དུས་ས་གནས་གང་དང་གང་ལ་སོང་བ་དང་། དམིགས་བསལ་གྱི་དཀའ་ངལ་རེ་འཕྲད་སོང་ངམ།
ལན། ང་ཐོག་མར་རྒྱ་ནག་གི་རྒྱ་ས་པེ་ཅིང་དུ་སོང་པ་ཡིན། པེ་ཅིང་ནས་མེ་འཁོར་ལ་བསྡད་ནས་མཚོ་སྔོན་ཟི་ལང་དུ་སོང་བ་ཡིན། ང་ལ་ལམ་ཁྲིད་དང་སྐད་སྒྱུར་བ་མེད་པས་ཟི་ལང་ནས་དཀའ་ངལ་ཅུང་འཕྲད་སོང་། ངས་ཟི་ལང་ནས་ལྷ་སར་འགྲོ་བའི་འགྲུལ་བསྐྱོད་རླངས་འཁོར་བཙལ་བ་ཡིན། ལྷ་སར་འགྲོ་བའི་འགྲུལ་བསྐྱོད་རླངས་འཁོར་ཞིག་རེག་སོང་དེ་ཁ་ལོ་བ་རྒྱ་མི་ཞིག་རེད། ཁོས་ང་ལྷ་སར་འཁྲིད་རྒྱུ་ཁས་ལེན་བྱས་སོང་ཡང་། ང་ལ་ལྷ་སར་འགྲོ་ཆོག་པའི་མཐོང་ཆེན་མེད་པས་ལམ་བར་དུ་ཉེན་རྟོག་པ་དང་དམག་མི་ལ་འཕྲད་ཚེ་ཁྱེད་རང་ཕྱི་ལོག་ལ་ཐོན་དགོས་ཟེར། ངས་ཁ་ལོ་བ་དེར་འགྲིག་གི་རེད་ཅེས་ལབ་པ་ཡིན། ངའི་བསམ་པར་ཟི་ལང་ནས་ལྷ་སར་བར་ཆུ་ཚོད་ལྔ་དྲུག་ཙམ་ཡིན་རྒྱུ་རེད་བསམས་སོང་། དེ་འདྲ་མ་རེད། ཟི་ལང་ནས་ལྷ་ས་ལ་ཐག་ཧ་ཅང་རིང་པོ་རེད། ཆུ་ཚོད་ལྔ་བཅུ་ང་ལྔ་འགོར་སོང། ཁ་ལོ་བས་ང་རླངས་འཁོར་གྱི་རྒྱབ་ལོག་ན་ཉལ་ཆོས་མང་པོ་བརྩིགས་ཡོད་པ་དེ་རུ་བསྡོད་དུ་བཅུག་སོང་། ཉེན་རྟོག་པ་དང་དམག་མི་ཡོད་མཚམས་སུ་ང་ཉལ་ཆོས་དེ་དག་གི་འོག་ཏུ་སྦས་ནས་བསྡད་པ་ཡིན། ཉལ་ཆོས་དེ་དག་ལ་མར་དང་ཤ་ཡི་དྲི་མ་བྲོ་བ་མ་ཟད་དབུགས་འགག་པའི་དཀའ་ངལ་ཡང་འདུག སྐབས་རེར་ཆུ་ཚོད་གསུམ་ཙམ་རིང་སྡོད་དགོས་ཀྱི་འདུག རླངས་འཁོར་ནང་དུ་རྒྱ་རིགས་དང་བོད་རིགས་གཉིས་ཀ་ཡོད་མོད་སུས་ཀྱང་ང་སྦས་ནས་བསྡད་ཡོད་པ་བཤད་མ་སོང་། དེ་ལྟར་བྱས་ནས་ང་ལྷ་སར་སོང་པ་ཡིན།
དྲི་བ། ཁྱེད་རང་ལྷ་སར་འབྱོར་རྗེས་ལྷ་སའི་གནས་སྟངས་ག་འདྲ་ཞིག་ཆགས་འདུག་པ་དང་། ཁྱེད་རང་ལ་ཡང་ཉེན་ཁ་ག་རེ་འཕྲད་སོང་།
ལན། ཐོག་མར་ང་ལྷ་སའི་མགྲོན་ཁང་ཞིག་གི་ནང་བསྡད་པ་ཡིན། མགྲོན་ཁང་བདག་པོ་དེས་ང་ལ་ལྷ་སར་བསྡོད་ཆོག་པའི་མཐོང་ཆེན་ཡོད་མེད་དང་ལག་འཁྱེར་ཡོད་མེད་ལ་སྐད་ཆ་ཙམ་ཡང་མ་དྲིས་པར་མགྲོན་ཁང་དེར་བསྡོད་དུ་བཅུག་སོང་། གཅིག་བྱས་ན་ཁོས་དྲན་པ་བརྗེད་པ་ཡིན་རྒྱུ་རེད། སྐབས་དེར་མི་སུ་འདྲ་ཞིག་མགྲོན་ཁང་དུ་བསྡོད་པ་དང་ལམ་བར་ནས་འགྲོ་དུས་ཉེན་རྟོག་པ་དང་དམག་མིས་འདྲི་གཅོད་བྱེད་བཞིན་འདུག ང་ལ་འདྲི་གཅོད་གང་ཡང་བྱས་མ་སོང་། ང་ལ་འགྲོ་འདུག་ཐོག་དམིགས་བསལ་གྱི་རང་དབང་ཡོད་པ་འདྲ་བོ་ཞིག་ཚོར་སོང་། དེ་ཁྱད་མཚར་བ་ཞིག་རེད། ང་རང་གིས་ཀྱང་ཤེས་ཀྱི་མི་འདུག ཐེངས་གཅིག་པོ་ཏྰ་ལར་འགྲོ་དུས་ཉེན་རྟོག་པ་ཞིག་གིས་ཁྱོད་ཀྱི་ལམ་ཁྲིད་པ་དང་སྐད་སྒྱུར་བ་གང་ན་ཡོད་ཅེས་དྲིས་སོང་། ངས་ཁོ་ཐང་ཆད་ནས་གཉིད་འདུག་ཅེས་རྫུན་བཤད་པ་ཡིན། རྗེས་སུ་ཉེན་རྟོག་པས་ང་ལྷ་སར་སྡོད་ཆོག་པའི་མཐོང་ཆེན་མེད་པ་ཧ་གོ་ནས་ལམ་གསེང་པེ་ཅིང་དུ་བཏང་སོང་། པེ་ཅིང་ནས་ཡང་བསྐྱར་ལྷ་སར་འགྲོ་བར་ཐབས་ཤེས་བཏང་པ་ཡིན། སྟབས་འགྲིག་པ་ཞིག་ལ་རྒྱ་མི་ཞིག་གིས་ཕྱི་རྒྱལ་བ་སྐོར་ཞིག་ལྷ་སར་འཁྲིད་རྒྱུར་གྲ་སྒྲིག་བྱེད་བཞིན་འདུག ངས་ང་ཡང་ཁོ་ཚོ་མཉམ་དུ་འཁྲིད་རོགས་ཞུས་པས་ཁོས་ང་ལྷ་སར་འགྲོ་ཆོག་པའི་མཐོང་ཆེན་ལེན་པའི་རོགས་པ་བྱས་ནས་ཁོ་ཚོ་དང་མཉམ་དུ་གནམ་གྲུར་བསྡད་དེ་ཕྱིར་ལྷ་སར་ལོག་པ་ཡིན། རྒྱ་མི་དེ་མིང་ངས་བཤད་རྒྱུ་མིན། ངའི་དེབ་ནང་དུ་ཡང་མིང་གཞན་པ་བྲིས་ཡོད། འདི་ངའི་སྐོར་རེད། ད་ངས་བཤད་རྒྱུ་དེ་ལྷ་སའི་གནས་སྟངས་སྐོར་ཡིན། སྐབས་དེ་ལྷ་སའི་གནས་སྟངས་ནི་ཆེས་འཇིགས་སུ་རུང་བ་ཞིག་རེད། ང་ཐེངས་དང་པོ་འགྲོ་བ་དང་བསྡུར་ན་ཐེངས་གཉིས་པ་དེ་ལས་ཀྱང་ཛ་དྲག་ཏུ་འགྲོ་འདུག ག་ས་གང་དུ་མེ་མདའ་ཐོགས་པའི་དམག་མིས་ཁེངས་ཡོད་པ་མ་ཟད་མེ་མདའི་སྐད་ཡང་ཡང་གོ་གི་འདུག ཕྱོགས་ཚང་མར་པར་ཆས་བཙུགས་ནས་ཧ་ཅང་གིས་དམ་དྲག་བྱེད་བཞིན་པའི་སྒང་རེད། མི་ཕན་ཚུན་ལ་འབྲེལ་བ་བྱེད་རྒྱུར་ཁག་པོ་འདུག ཡིན་ནའང། ང་ལ་དམ་དྲག་གང་ཡང་བྱས་མ་སོང་། ངས་གོང་དུ་བཤད་པ་བཞིན་ང་ལ་དམིགས་བསལ་གྱི་རང་དབང་སྤྲད་པ་ལྟ་བུ་ཞིག་ཚོར་བྱུང་། ངས་མི་མང་པོ་ལ་སྐད་ཆ་དྲིས་དུས་རང་དབང་མེད་པར་མིག་ཆུ་འདོན་པ་ལས་སྐད་ཆ་བཤད་པའི་ནུས་ཤུགས་མེད་པ་རྐྱང་རེད། མི་ཚང་མ་སྐྲག་ནས་བླ་ཆད་པ་དང་གཅིག་མཚུངས་རེད། དགོན་པ་ཞིག་གི་ནང་དུ་དྲི་བ་འདོན་པར་ཆས་ཀྱང་གྲྭ་བ་མེད་པར་དགོན་པ་སྟོང་པ་འདྲ་ཞིག་ཆགས་འདུག ཕལ་ཆེར་གྲྭ་བ་རྣམས་འཛིན་བཟུང་བྱས་ཟིན་པ་འདྲ། དེ་ནས་ལོ་ཅུང་ཆུང་པའི་བུ་ཞིག་ལ་ཐུག་སོང་། ངས་ཁོ་ལ་སྐད་ཆ་དྲིས་དུས་ཁོས་འདི་ལྟར་ཟེར། བོད་པ་རྣམས་གློ་བུར་དུ་བོར་འགྲོ་གི་འདུག བཙལ་ཀྱང་རྙེད་ཀྱི་མི་འདུག ཆབ་སྲིད་ཀྱི་ལས་ཀ་གང་ཡང་བྱས་མེད་ན་ཡང་ལམ་ནས་འགྲོ་དུས་འཛིན་བཟུང་བྱེད་ཀྱི་འདུག་ཅེས་ཟེར།
ཡང་ངས་གྲྭ་བ་ཞིག་ལ་བཅར་འདྲི་བྱས་པ་ཡིན། ཁོས་བཤད་དོན། བོད་མི་མང་པོ་ཞིག་རྒྱུ་མཚན་གང་ཡང་མེད་པར་འཛིན་བཟུང་བྱེད་ཀྱིན་འདུག བོད་མི་འགའ་ཤས་བཙོན་ཁང་ནང་ཉིན་མ་འགའ་ལ་བཀག་གཉེར་བྱས་རྗེས་གློད་གྲོལ་བཏང་ཡོང་གི་འདུག ཡིན་ནའང་། དེ་དག་ཕལ་ཆེ་བ་ཉིན་མ་གཉིས་གསུམ་གྱི་རྗེས་ལ་ཤི་འགྲོ་གི་འདུག དེ་རྒྱུ་མཚན་ནི། བཙོན་ཁང་ནས་ཕྱི་ལོག་ལ་གཏོང་ཁར་གང་ཡག་ཡག་ཚུལ་གྱིས་ཆུ་ཞིག་བཏུང་དུ་བཅུག་པ་རེད། ཆུ་དེ་ནི་དུག་ཆུ་ཞིག་རེད། ཆུ་དེ་བཏུང་ནས་ཉིན་མ་གསུམ་མ་གཏོགས་མི་འགོར་བར་མི་དེ་ཤི་འགྲོ་གི་རེད། འདི་ནི་རྒྱ་ནག་གི་ཐབས་མཁས་ཀྱིས་བོད་མའི་ཚེ་སྲོག་གཅོད་སྟངས་ཤིག་རེད་ཟེར། ཡང་ངས་གྲྭ་བ་དེར་༢༠༠༨ སྤྱི་ཟླ་གསུམ་པའི་གནས་སྟངས་ཐད་ལ་སྐད་ཆ་དྲིས་པར། ཁོས་བཤད་དོན། སྐབས་དེའི་ཞི་བའི་ངོ་རྒོལ་ནང་བོད་མི་ཤི་ཡོད་པ་དང་མེད་པ་གཉིས་ཀ་མཉམ་བསྲེས་བྱས་ནས་ཤི་ཡོད་པའི་གྲས་སུ་གཡུག་རྐྱང་བྱེད་ཀྱི་འདུག ཤི་མེད་པ་ཞིག་སྐྱོབ་དུ་འགྲོ་དུས་ལམ་གསེང་མེ་མདའ་བརྒྱབས་ཏེ་གསོད་ཀྱི་འདུག་ཟེར།
དགོང་མོ་ཞིག་ང་ཆང་ཁང་ཞིག་གི་ནང་དུ་སོང་བ་ཡིན། ཆང་ཁང་དེ་ནང་ར་ཅུང་བཟི་བའི་བོད་པའི་བུ་མོ་ཞིག་འདུག ཁོ་མོས་ང་མཐོང་མ་ཐག་ངའི་འགྲམ་དུ་ཡོང་ནང་ངུས་ཤོར་དུ་སྐད་མ་མང་པོ་ཞིག་བཤད་སོང་། བུ་མོ་དེས་དབྱིན་སྐད་ཤེས་ཀྱི་མི་འདུག ངས་སྐད་སྦྱོར་བ་ཞིག་བཙལ་ཀྱང་རེག་མ་སོང་། བུ་མོ་དེས་བཤད་སྟངས་ཀྱི་རྣམ་འགྱུར་ལ་བལྟས་ན་བོད་པའི་སྐོར་རེད། ཕལ་ཆེར་བོད་ལ་རང་དབང་མི་འདུག རྒྱ་མིས་བོད་པ་གསོད་ཀྱིན་འདུག་ཅེས་ཡང་ནས་བསྐྱར་དུ་བཤད་ཀྱི་ཡོད་པ་འདྲ།
འདི་ལྟར་ངས་བོད་མི་མང་པོ་ཞིག་ལ་བཅར་འདྲི་བྱས་པ་ཡིན། ཁོ་ཚོས་ཀྱང་ང་ཕྱི་རྒྱལ་བ་ཞིག་ཡིན་པར་ཡིད་ཆེས་བྱས་ནས་ངའི་འགྲམ་དུ་ཡོང་གི་འདུག ཡིན་ནའང་མང་ཆེ་བ་ཞིག་ངུས་ཤོར་ནས་སྐད་ཆ་ཤོད་ཐུབ་རྒྱུ་མི་འདུག འདིའི་སྐོར་ངའི་དེབ་ནང་དུ་རྒྱས་པ་ཞིག་བྲིས་ཡོད། ངའི་དེབ་ནང་དུ་ང་ཐུག་སའི་མི་རྣམས་ཀྱི་མིང་དང་ཁ་བྱང་ཚང་མ་བརྗེ་བོ་བརྒྱབས་ཡོད། གང་ཡིན་ཟེར་ན་མ་འོངས་པར་ཁོ་ཚོ་ལ་དཀའ་ངལ་འཕྲད་སྲིད་པ་རེད།
དྲི་བ། ཁྱེད་རང་ལྷ་སར་ཡོད་པའི་སྐབས་ལ་རྒྱལ་སྤྱིའི་གསར་ལམ་ཁག་ཏུ་གནས་ཚུལ་རེ་གཏོང་ཐུབ་སོང་ངམ།
ལན། ང་ཆེད་བསྐོས་གསར་འགོད་པ་མིན་ཙང་ལམ་གསེང་གནས་ཚུལ་གཏོང་རྒྱུ་དཀལ་ངལ་འདུག ཡིན་ནའང་དྲ་ཁང་ཞིག་ནས་གསར་འགྱུར་གཉིས་གཏོང་ཐུབ་སོང་། གསར་འགྱུར་དེ་གཉིས་འཛམ་པོ་གླིང་ཞེས་པའི་རྒྱལ་སྤྱིའི་ཚགས་ཤོག་དང་། ཧྥ་རན་སིའི་ཚགས་ཤོག་ཟམ་ལམ་༨༩ ཞེས་པ་གཉིས་སུ་བཏང་པ་ཡིན། དེ་ཕྱི་ཉིན་ང་དྲ་ཁང་དེ་ནང་འགྲོ་དུས་མི་རྐང་གཅིག་མི་འདུག་རྒྱུ་མཚན་ཅི་ཡིན་མ་ཤེས། གཅིག་བྱས་ན་ངའི་སྐྱོན་ཡིན་རྒྱུ་རེད།
དྲི་བ། ཁྱེད་རང་ལོ་ཆུང་ཡང་བསམ་བློ་རྒྱ་ཆེ་བའི་ངང་བོད་ལ་རྒྱབ་སྐྱོར་བྱས་ནས་༢༠༠༨ལོར་ཛ་དྲག་པའི་སྐབས་སུ་ཆེད་དུ་བོད་ལ་ཆས་པ་དང་། དེའི་སྐོར་གྱི་དེབ་གཅིག་འཛམ་པོ་གླིང་གི་མིག་མདུན་དུ་བཞག་ཡོད་རེད། མ་འོངས་པར་མུ་མཐུད་ནས་བོད་དོན་ཐད་ལས་འཆར་འདྲ་ཡོད་དམ།
ལན། ངས་ཉིས་སྟོང་བརྒྱད་ལོར་རྒྱ་ནག་གིས་བོད་མི་དྲག་གནོན་ཇི་ལྟར་བྱས་པའི་སྐོར་གཙོ་བོར་བཟུང་ནས་གློག་བརྙན་ཞིག་བཟོ་འཆར་ཡོད། འོན་ཀྱང་འདི་ནི་ངའི་འཆར་གཞི་དང་རེ་བ་ཡིན་པས་འགྲུབ་ཐུབ་མིན་མི་ཤེས།
དྲི་བ། ཁྱེད་རང་བོད་ཕྱི་ནང་གཉིས་ཀ་ལ་རྒྱུ་མངའ་ཅུང་ཞིག་ཡོད་པས་ཆ་ནས། བོད་ནང་གི་བོད་མི་དང་ཕྱི་ལོག་ན་ཡོད་པའི་བོད་མི་གཉིས་ལ་བསམ་བློ་ཀུན་སྤྱོད་ཀྱི་ཐོག་ནས་མི་འདྲ་ས་འདུག་གམ།
ལན། བོད་ནང་གི་བོད་མི་ཚོ་རང་ཡུལ་ན་ཡོད་ཀྱང་སེམས་གཏིང་ན་བདེ་སྐྱིད་ཀྱི་གསོན་ཤུགས་མི་འདུག རྒྱལ་ཁབ་ཕྱི་ལོག་ན་ཡོད་པའི་བོད་མི་ཚོ་མིའི་ལུང་པར་བསྡད་ཡོད་ཀྱང་། སེམས་གཏིང་ན་སྡུག་བསྔལ་མེད་པ་འདྲ་བོ་ཞིག་མཐོང་གི་འདུག འདི་ནི་མིའི་རིགས་ལ་ཆེས་མཁོ་བའི་རང་དབང་ཡོད་མེད་ཀྱི་ཁྱད་པར་ཡིན་རྒྱུ་རེད། གཞན་བོད་ནང་དུ་སྡོད་མཁན་དང་། རྒྱ་གར་ནང་སྡོད་མཁན། ཕྱི་རྒྱལ་ཁག་ཏུ་སྡོད་མཁན་རྣམས་སོ་སོར་ལྟ་བ་མི་མཚུངས་ལྟ་བུ་ཞིག་ཆགས་འགྲོ་གི་རེད་བསམ་ནས་ང་ལ་སེམས་འཁྲལ་འདུག
དྲི་བ། ཁྱེད་རང་གི་ངོས་ནས་བོད་མི་མང་ལ་འབོད་སྐུལ་ལམ་རེ་བ་འདྲ་ཞུ་རྒྱུ་ཡོད་དམ།
ལན། ངའི་རེ་བ་ལ་བོད་ནང་སྡོད་མཁན་ཚོ་དཀའ་ངལ་ཆེན་པོ་ཞིག་གི་འོག་ན་བསྡད་ཡོད་རེད། བཙོན་པ་ཡང་མང་དུ་འགྲོ་བཞིན་ཡོད་པ་རེད། བོད་ནང་གི་བོད་མི་ཚོའི་དོན་ལ་ཕྱི་ལོག་ན་བསྡད་ཡོད་པའི་བོད་པ་ཚོས་ཤུགས་བརྒྱག་དགོས། རྒྱལ་སྥྱིའི་ཐོག་གི་རྒྱལ་ཁབ་ཚང་མ་རྒྱ་ནག་གི་དཔལ་འབྱོར་འོག་མགོ་བསྒུར་ནས་བསྡད་ཡོད་ཙང་། ཁ་ཡོད་ལག་ཡོད་ཀྱིས་བོད་ལ་ཕན་ཐོག་གི་མ་རེད། བོད་པ་མི་མང་གི་ངོས་ནས་རྒྱ་ནག་མི་མང་ལ་སྐད་ཆ་བཤད་ནས་འབྲེལ་བ་ཡག་པོ་བཟོས་ན་རྒྱ་ནག་མི་མང་གིས་ཕན་ཐོག་དང་ཁ་བོ་རེད། རྒྱ་ནག་མི་མང་དང་རྒྱ་ནག་སྲིད་གཞུང་གཉིས་ཁ་ཁ་རེད། དཔེར་ན། ང་ལྷ་སར་འགྲོ་དུས་རྒྱ་ནག་གཞུང་གིས་ང་ལྷ་ས་ནས་སྡོད་དུ་མ་བཅུག་པར་པེ་ཅིང་དུ་བཏང་པ་རེད། རྒྱ་མི་ཞིག་གིས་ང་ཡང་བསྐྱར་ལྷ་སར་འགྲོ་བར་རོགས་པ་བྱས་པ་ལྟ་བུ་རེད། བོད་པ་ཚང་མ་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་ཡིན།
———
Back