བོད་པ་ཚང་མ་ལོངས་ཤོག

27/10/2011 18:29

 

དམར་བོའི་མེ་དཔུང་གནམ་སའི་བར་ནས་སྦར།།
གཅེས་པའི་ཚེ་སྲོག་མི་རིགས་དོན་ལ་བསྲེགས།།
རང་བཙན་སྐད་འབོད་འཛམ་གླིང་ཁྱོན་ལ་བསྒྲགས།།
ངེས་དོན་དཔའ་བོ་བཅུ་ལ་མྱ་ངན་ཞུ།།

བཙན་བྱོལ་གཞུང་གི་བཀའ་བློན་སྐུ་ངོ་ཚོས།།
འཆར་གཞི་མིག་མང་བཏབ་ནས་འདུག་རན་མིན།།
མི་མང་མགྲིན་ཚབ་སྤྱི་འཐུས་རྣམ་པ་ཚོས།།
བསྐྱར་ཞིབ་ཚོན་རྩི་བྱུག་ནས་འདུག་རན་མིན།།

ལུང་རྟོགས་མཁྱེན་པ་ཡངས་པའི་བླ་མ་ཚོས།།
དགེ་བའི་མཆོད་རྟེན་བརྩིགས་ནས་འདུག་རན་མིན།།
བཅུ་ཕྲག་གནས་ལ་མཁས་པའི་དགེ་གཤེས་ཚོས།།
ནང་རིག་མེ་ཏོག་བཀྲམས་ནས་འདུག་རན་མིན།།

ཐབས་དང་ཇུས་ལ་མཁས་པའི་ཆབ་སྲིད་པས།།
ལྟ་བ་འཛུབ་མོར་བགྲངས་ནས་འདུག་རན་མིན།།
ཉིན་རེའི་གནས་ཚུལ་བསྒྲགས་པའི་གསར་འགོད་པས།།
མ་རིག་ཐོས་པ་བྲིས་ནས་འདུག་རན་མིན།།

སྤྱི་ཚོགས་ཁུག་མ་སློག་པའིརྩོམ་པ་པོས།།
སྟོན་གྱི་ཉིན་ཐོ་བྲིས་ནས་འདུག་རན་མིན།།
ཚིག་སྦྱོར་ཚུལ་ལ་མཁས་པའི་སྙན་ངག་པས།།
མཛའ་མོར་བརྩེ་འཕྲིན་བྲིས་ནས་འདུག་རན་མིན།།

དགག་བཞག་རྭ་ཅོ་རྣོ་བའི་དཔྱད་བརྗོད་པས།།
རང་ལུགས་བྲག་ལ་བརྡར་ནས་འདུག་རན་མིན།།
སྤྱི་ཚོགས་རྫིང་བུ་དཀྲིགས་པའི་སྒྲུང་རྩོམ་པས།།
རྟོག་སྒྲུང་རིང་མོ་བྲིས་ནས་འདུག་རན་མིན།།

ཚོང་གི་རྒྱ་མཚོ་འགྲིམ་པའི་ཚོང་བ་ཚོས།།
གསེར་རྡུལ་བྱེ་མ་བཙགས་ནས་འདུག་རན་མིན།།
མང་ཚོགས་དཀྱིལ་མས་རང་གི་འཚོ་བ་རུ།།
རྒྱགས་ཕྱེ་རྒུན་འབུ་འཐུས་ནས་འདུག་རན་མིན།།

སྐྲ་ལོ་འདབ་མ་དཀར་པོའི་བགྲེས་པོ་ཡང་།།
ཕྱི་མའི་ལམ་ཁ་འཕྱགས་ནས་འདུག་རན་མིན།།
ལོ་ཆུང་བྱིས་པ་སློབ་གྲྭའི་ར་བ་ནས།།
ཀ་ཁ་དབྱངས་ལ་གྱེར་ནས་འདུག་རན་མིན།།

མཐོ་བ་སྐུ་ངོ་དམའ་བ་གཡོག་པོ་ནས།།
ཤེས་ལྡན་མཁས་པ་ཤེས་མེད་བླུན་པོའི་བར།།
འབྱོར་ལྡན་ཕྱུག་པོ་འབྱོར་མེད་སྤྲང་བོ་ནས།།
ལོ་རྒན་བགྲེས་པོ་ལོ་ཆུང་བྱིས་པའི་བར།།

ཉིན་གཅིག་དུས་གཅིག་དུས་ལ་ཡར་ལ་ལོངས།།
གངས་སེང་དར་ཆ་བསྒྲེངས་ནས་ཡར་ལ་ལོངས།།
དཔའ་བོའི་སྙིང་སྟོབས་དྲན་བཞིན་ཡར་ལ་ལོངས།།
ལོངས་ཤོག་ལོངས་ཤོག་བོད་པ་ཚང་མ་ལོངས།།

སྲོག་གི་རྡོ་རིང་བཞེངས་པའི་དུས་ལ་བབ།།
ཁྲག་གི་མིང་ཡིག་འབྲི་བའི་དུས་ལ་བབ།།
ཤི་ན་ཚང་མ་ཤི་བའི་དུས་ལ་བབ།།
གསོན་ན་ཚང་མ་གསོན་པའི་དུས་ལ་བབ།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།