བོད་ཕྱི་ནང་གཉིས།
02/07/2011 00:47
ཕྱི་ཡུལ་འགྲུམ་པའི་མི་ལ་དྲན་གདུང་ཞིག །
རང་ཡུལ་སྡོད་པའི་མི་ལ་སྡུག་བསྔལ་ཞིག །
གྱེས་པའི་སེམས་པའི་བར་ན་བརྩེ་བ་ཞིག །
ལོ་དང་ཟླ་ཡི་བར་ན་མིག་ཆུ་ཞིག །
རང་ཡུལ་རང་གིས་སྲུང་ལ་མི་དབང་ཞིང་།།
ས་མཐའི་སྡོད་པའི་ཉིན་མ་མི་འཁྱོལ་བར།།
གཞིས་བྱེས་གཉིས་སུ་བྲལ་བའི་རང་ཅག་བོད།།
ནམ་ལངས་ཉི་མ་ཤར་བ་ནམ་ཞིག་ཡིན།།
ནང་གི་རེ་བ་ཆེན་པོ་ཕྱི་ལ་བཅིངས།།
ཕྱི་ཡི་དྲན་གདུང་ལྕི་མོ་ནང་ལ་བསྐུར།།
ཕྱི་ནང་གཉིས་ཀྱི་བོད་པའི་སེམས་ངོགས་ན།།
ཡལ་བར་དཀའ་བའི་སྡུག་བསྔལ་ཆེན་པོ་ཞིག །
ནང་གི་བོད་པའི་ངུ་འབོད་ཕྱི་ལ་སྤྲིངས།།
ཕྱི་ཡི་བོད་པའི་སྐད་འབོད་གླིང་ལ་བསྒྲོགས།།
ཕྱི་ནང་གཉིས་ཀྱི་སྐྱོ་བའི་ངུ་སྐད་འདི།།
འཛམ་པོ་གླིང་གི་རྣ་བས་ཐོས་ན་ཆོག །
ནང་གི་བོད་པའི་ལུས་ཀྱི་སྡུག་བསྔལ་འདི།།
ཕྱི་ཡི་སྤུན་ཟླའི་སེམས་ཀྱིས་བཟོད་དཀའ་ཡང་།།
འཛམ་པོ་གླིང་གི་མིག་གིས་མ་མཐོང་ན།།
ནམ་མཁའ་སྟོང་བའི་དབྱིངས་ལ་ཀུ་ཅོ་རེད།།
རྒྱ་ནག་དཔོན་པོའི་མིག་གཉིས་ཞར་ནས་འདུག །
གུང་ཁྲན་ཏང་གི་རྣ་བ་འོན་ནས་འདུག །
འཛམ་པོ་གླིང་ལ་མིག་རྣ་ཡོད་རབ་ཐོས།།
མིག་རྣ་གཉིས་ཀྱིས་དེ་རིང་ཁ་ཞིག་གདོངས།།
ང་ཡི་ཕ་མའི་རྣམ་ཤེས་མེ་ལ་བསྲེགས།།
ང་ཡི་སྤུན་ཟླའི་ཚེ་སྲོག་ས་ལ་བརྡབས།།
ང་ཡི་ཕ་ཡུལ་གཤིན་རྗེའི་དུར་ས་བྱས།།
ང་ཡི་ཕ་མས་ཁྱོད་ལ་ཅི་ཞིག་ཉེས།།
འཛམ་པོ་གླིང་ལ་མིག་ཅིག་ཡོད་ན་ལྟོས།།
ང་ཡི་སྤུན་ཟླའི་ཚེ་སྲོག་མེ་ལ་སྒྲོན།།
མཉམ་སྦྲེལ་རྒྱལ་ཚོགས་རྣ་ཞིག་ཡོད་ན་ཉོན།།
བོད་པའི་ངུ་སྐད་བདག་མེད་ཡིན་དོན་ཅི།།
གཞིས་ལུས་བོད་པའི་སྙིང་གི་དཔའ་སྟོབས་འདི།།
བོད་རིགས་ཡོད་དོ་ཅོག་གི་ཚེ་སྲོག་ཡིན།།
བྱེས་གྱར་བོད་པའི་སྐད་འབོད་རིང་མོ་དེ།།
གཞིས་བྱེས་མཉམ་འཛོམས་ཐུབ་པའི་སྨོན་ལམ་ཡིན།།
གཞིས་སུ་བཞུགས་པའི་ང་ཡི་སྤུན་ཟླ་ལགས།།
མིག་གི་མཆི་མ་ཕྱིས་ནས་མགོ་བོ་ཁྱོགས།།
བྱེས་ན་སྡོད་པའི་གངས་ཅན་བོད་པ་ལགས།།
སྙིང་གི་རུས་པ་འཛམ་པོ་གླིང་ལ་རྐྱོངས།།
Tags:
———
Back


