བོད་རྒྱའི་དབྱེ་བ་འདི་ལྟར་འབྱེད།
03/07/2012 11:36
གདོང་གི་ཁ་དོག་རྒྱ་བོད་གཉིས་ཀ་དཀར་།།
ལུས་ཀྱི་ཟུངས་ཁྲག་རྒྱ་བོད་གཉིས་ཀ་དམར།།
གཟུགས་པོ་ཆེ་ཆུང་གཉིས་ཀ་འདྲ་འདྲ་ཡིན།།
ཤ་རུས་བཤད་ནས་དབྱེ་བ་ཇི་ལྟར་འབྱེད།།
བོད་སྐད་བོད་ཡིག་ཤེས་མཁན་རྒྱ་ལ་ཡོད།།
བོད་མི་མང་བོའི་སྐད་ཆ་རྒྱ་སྐད་ཡིན།།
རྒྱ་སྐད་བོད་སྐད་གཉིས་ཀ་བསྲེས་ནས་བཤད།།
སྐད་ཡིག་བཤད་ནས་དབྱེ་བ་ཇི་ལྟར་འབྱེད།།
བོད་པའི་ཡུལ་ན་རྒྱ་མི་ཐ་ར་ར།།
རྒྱ་ཡི་གྲོང་ལ་བོད་མི་འཚང་ཁ་ཆེ།།
རྒྱ་བོད་གཉིས་ཀ་གང་ས་གང་དུ་འདྲེས།།
གནས་ཡུལ་བཤད་ནས་དབྱེ་བ་ཇི་ལྟར་འབྱེད།།
ཕྱི་ན་རྒྱ་མི་བཙན་བྱོལ་བོད་ལས་མང་།།
རྒྱ་ཡི་བཙོན་ཁང་ནང་དུ་རྒྱ་མི་ཡོད།།
རྒྱ་ཡི་དཔོན་པོ་ནང་ན་བོད་པ་མང་།།
རྒྱལ་ཁྲིམས་བཤད་ནས་དབྱེ་བ་ཇི་ལྟར་འབྱེད།།
ནང་པའི་ཆོས་ལུགས་དང་པོ་རྒྱ་ལ་དར།།
འཇམ་པའི་དབྱངས་ཀྱི་གནས་རི་རྒྱ་ན་ཡོད།།
རྒྱ་མི་མང་བོའི་གྲུབ་མཐའ་ནང་པ་ཡིན།།
ཆོས་ལུགས་བཤད་ནས་དབྱེ་བ་ཇི་ལྟར་འབྱེད།།
གླུ་བ་ཕལ་ཆེར་རྒྱ་མིའི་གཞས་ལ་དགའ།།
བོད་པ་མང་ཤོས་རྒྱ་ཡི་གོས་ལ་དགའ།།
ཧ་ལམ་ཚང་མ་རྒྱ་ཡི་ཟས་ལ་དགའ།།
དགའ་ཕྱོགས་བཤད་ནས་དབྱེ་བ་ཇི་ལྟར་འབྱེད།།
སྲོང་བཙན་སྒམ་པོའི་བཙུན་མོ་རྒྱ་མོ་ཡིན།།
སྣང་བ་མཐའ་ཡས་གསང་ཡུམ་རྒྱ་མོ་ཡིན།།
རྒྱ་ལོ་ཚང་གི་ཆུང་མ་རྒྱ་མོ་ཡིན།།
གཉེན་སྒྲིག་བཤད་ནས་དབྱེ་བ་ཇི་ལྟར་འབྱེད།།
བཙན་པོའི་དམག་གིས་ཁྲང་ཨན་བཟུང་མྱོང་ཡོད།།
རྒྱ་དམག་དཔུང་གིས་བོད་ཡུལ་བཅོམ་མྱོང་ཡོད།།
དམག་གིས་འཐབ་འཛིང་ཕན་ཚུན་གཉིས་ལ་བྱུང་།།
དམག་འཁྲུག་བཤད་ནས་དབྱེ་བ་ཇི་ལྟར་འབྱེད།།
རྒྱ་ཡིག་གྲུ་བཞི་ཕྱི་ཡི་དབྱིབས་ལ་བལྟས།།
བོད་ཡིག་སུག་རིང་ངག་གི་སྒྲ་དང་བསྟུན།།
ཀློག་པའི་ཚེ་ན་གཉིས་ཀ་སྒྲ་རྩོལ་ཡིན།།
ཡི་གེ་བཤད་ནས་དབྱེ་བ་ཇི་ལྟར་འབྱེད།།
རྒྱ་བོད་གཉིས་ཀྱི་དབྱེ་བ་འབྱེད་དགོས་ན།།
བོད་པའི་སྙིང་གི་གསེབ་ན་རུས་པ་དགོས།།
བོད་པའི་ཤ་ཡི་གསིང་ན་ལ་རྒྱ་དགོས།།
བོད་པའི་ཀླད་པའི་ནང་ན་ཐབས་ཇུས་དགོས།།
བོད་པ་ཚང་མ་གཡས་སྐྱོར་གཡོན་སྐྱོར་དགོས།།
བོད་པ་ཚང་མ་ཤེས་བྱ་ཡོན་ཏན་དགོས།།
བོད་པ་ཚང་མ་ནང་མཐུན་འགྲིག་མཐུན་དགོས།།
བོད་པ་ཚང་མ་རྡོག་རྩ་གཅིག་དྲིལ་དགོས།།
བོད་པ་ཚང་མ་གོམ་པ་མཉམ་སྤོ་དགོས།།
བོད་པ་ཚང་མ་སྐད་ཆ་གཅིག་གྲག་དགོས།།
བོད་པ་ཚང་མ་ལྟ་བ་གཅིག་མཚུངས་དགོས།།
ད་གཟོད་བོད་དང་རྒྱ་ཡི་དབྱེ་བ་འབྱེད།།
Tags:
———
Back