བྱུ་རུ་དམར་ཆུང་ལ་བྲིས་པའི་སྙན་ངག་འགའ།

13/01/2013 19:54

 བྱུ་རུ་དམར་ཆུང་ལ་བྲིས་པའི་སྙན་ངག་འགའ།

   བྱུ་རུ་དམར་ཆུང་།

བྱུ་རུའི་འཁྲི་ཤིང་རྩེ་ན་མཛེས་སྡུག་ལྡན།།
སྟོབས་ཅན་ཚོང་བའི་ལག་ན་རིན་གོང་མཐོ།།
ན་ཆུང་བུ་མོའི་ལུས་གྱི་རིན་པོ་ཆེ།།
བྱུ་རུ་དམར་ཆུང་དེ་ཡིས་ཅི་ཞིག་བྱ།།

ལྷ་ཡི་ཐེམ་སྐས་འགྲིམས་ཀྱང་མི་བརྙེད་ལ།།
ཀླུ་ཡི་མཛོད་སྒོ་ཕྱེས་ཀྱང་འཐོབ་མིན་པ།།
སྟག་ཤར་སྙིང་གི་རུས་པའི་རྒྱན་བྱེད་པའི།།
བྱུ་རུ་དམར་ཆུང་གཞན་ཞིག་འདི་ན་མཆིས།།

སྐད་འཕྲིན་བརྒྱུད་ནས་ངེད་གཉིས་ཐོག་མར་ཐུག །
གངས་རིའི་རླུང་རྟའི་ནང་ནས་ངོ་ཤེས་གྱུར།།
ཁ་བརྡ་མང་མང་བྱས་པའི་མཐའ་མ་རུ །།
བྱུ་རུ་དམར་ཆུང་སེམས་ཀྱི་ཟབ་སར་སུག །

བཀྲ་ཤིས་བདེ་ལེགས་ཁྱོད་ཡང་ཐོན་དང་ཞེས།།
སྙན་ཞིང་འཇེབས་པས་འཚམས་འདྲི་བྱས་པ་དག །
ཡང་དང་བསྐྱར་དུ་ཉན་ཡང་མི་སུན་པའི།།
སྐད་ངག་སྙན་མོ་རྣ་ཡི་བདུད་རྩིར་གྱུར།།

ད་ནི་ཧ་ཅང་ཕྱི་བོ་ཆགས་སོང་བས།།
ཉལ་བའི་དུས་ལ་བསླེབས་སོང་བདེ་མོ་དང་།།
གཟིམས་ཚ་བདེ་འོ་སང་ཉིན་མཇལ་ཡོང་ཞེས།།
མཇུག་བསྡུའི་སྐད་ཆ་ཇི་འདྲས་སྙན་པ་ཨང་།།

དོན་ལྡན་ཚིག་སྦྱོར་སྨྲ་ལ་ངག་སྒོ་ཡངས།།
ཕན་ཚུན་བརྩི་བཀུར་ཆེ་བའི་གཤིས་ཀ་འཇམ།།
སྐད་ཆ་རེ་རེའི་མཇུག་ན་གད་མོ་རེ།།
ཤོར་བ་དེ་ནི་བརྩེ་བའི་རྒྱང་གླུ་ཞིག །

ང་རང་གཅིག་པུ་མ་ཡིན་གངས་ཅན་པ།།
རྩམ་པ་རྒྱ་དང་ཁ་བའི་འདབ་མ་སོགས།།
གངས་རིའི་རླུང་རྟའི་ནང་གི་ཕོ་རྒོད་ཚོ།།
ཁ་ནས་མཆིལ་མ་བླུག་པ་ཐེངས་གཅིག་མིན།།

མཐོང་བ་མེད་ཀྱང་གསུང་སྐད་སྙན་མོ་དང་།།
རེག་པ་མེད་ཀྱང་གད་མོ་ཤོར་སྟངས་ཀྱིས།།
དབུལ་བོ་ལག་ལ་ནོར་བུ་ཐོབ་པ་བཞིན།།
ཕོ་རྒོད་ཚོ་ལ་ཚད་མེད་དགའ་བ་སྟེར།།

བྱུ་རུ་དམར་ཆུང་ཡོད་ན་གངས་ཅན་པ།།
སྨྲ་བའི་འབབ་སྟེགས་དེ་ཡང་ཇེ་བདེ་རེད།།
བྱུ་རུ་དམར་ཆུང་འཕྲད་ན་རྩམ་པ་རྒྱ།།
སྐད་ཆ་ཤོད་པའི་སྐད་མགོ་ཇེ་མཐོ་རེད།།

ཁ་བའི་འདབ་མ་དབང་མེད་འཁྱམས་པོ་དང་།།
ཧི་མ་ལ་ཡའི་གངས་ཕྲུག་ད་དུང་གཞན།།
བྱུ་རུ་དམར་ཆུང་མ་དང་འཕྲད་པ་ན།།
ལས་ཀར་དགོངས་ཞུ་བཏང་བ་ཐེངས་གཅིག་མིན།།

ཕོ་བརྒྱའི་སྙིང་ལ་སྡུག་པའི་ཞི་མོ་འདིའི།།
བཏགས་མིང་བྱུ་རུ་དམར་ཆུང་ཟློས་པ་ཡིས།།
གངས་རིའི་རླུང་རྟའི་དྲ་དཔོན་རྟ་དབྱངས་ཀྱི།།
ལྕེ་སྣེ་སོ་ལ་བརྡར་བས་ཟད་སོང་བཤད།།

ང་ལ་མཚོན་ན་བྱུ་རུ་དམར་ཆུང་ལ།།
ཡུན་རིང་མ་ཐུག་ཡིད་སེམས་ནད་པ་རེད།།
གསུང་སྐད་སྙན་མོ་ལས་མཐུན་སྨན་པ་རེད།།
བཤད་ལས་དགད་ནས་བསྡད་ན་སངས་དྲག་རེད།།

བྱུ་རུ་དམར་ཆུང་ངོ་མ་བཀའ་དྲིན་ཆེ།།
དུས་ཚོད་ཡོད་ན་གངས་རིའི་རླུང་རྟར་ཕེབས།།
ང་ཡི་སེམས་ཀྱི་ན་ཚ་ཇེ་སྡུག་རེད།།
ཁྱེད་རང་མེད་ན་མི་དྲག་ཁོ་ཐག་རེད།།

༢༨/༡༠/༡༢        

 བྱུ་རུ་དམར་ཆུང་ཚ་གྲང་གཉིས་ཀ་ཡིན།

ནམ་མཁའ་མིག་གིས་གཞལ་ན་མུ་མཐའ་མེད།།
ས་གཞི་རྐང་པས་བགྲོད་ན་ཕྱོགས་མཐའ་བྲལ།།
སྟེང་འོག་མགོ་མཇུག་ལྡོག་ཀྱང་ཚིམས་པ་ཅི།།
བྱུ་རུ་དམར་ཆུང་ཡིད་ཀྱི་ཚིམ་པ་ཡིན།།

སྟོད་ཕྱོགས་རྒྱ་གར་ཡུལ་གྲུ་ཆོས་ཀྱི་མཛོད།།
སྨད་ཡུལ་རྒྱ་ནག་ཁྲོམ་ར་ནོར་གྱི་གཏེར།།
ཆོས་འབྱོར་ལོངས་སྤྱོད་རྫོགས་པ་མ་འཐོབ་ཀྱང་།།
བྱུ་རུ་དམར་ཆུང་ཡིད་ཀྱི་འབྱོར་བ་ཡིན།།

སྟེང་ན་ལྷ་མོའི་ཚོགས་ཤིག་ཡོད་དོ་སྐད།།
འོག་ན་ཀླུ་མོའི་སྡེ་ཞིག་གནས་སོ་གྲགས།།
ལྷ་ཀླུ་སྒེག་མའི་སྡེ་ལས་མི་ཡུལ་གྱི།།
བྱུ་རུ་དམར་ཆུང་ཡིད་ཀྱི་འཇོ་སྒེག་ཡིན།།

ཆར་རྗེས་ཉི་ཟེར་འཇའ་རིས་མཛེས་སོ་བཤད།།
རྨ་བྱ་དགའ་བའི་མཇུག་སྒྲོ་ཡག་གོ་གསུངས།།
མཛེས་པ་ནང་གི་མཛེས་པ་མང་གྱུར་ཡང་།།
བྱུ་རུ་དམར་ཆུང་ཡིད་ཀྱི་མཛེས་སྡུག་ཡིན།།

དབྱར་སྐྱེས་ཁུ་ལོའི་གསུང་སྐད་འཇེབས་སོ་ཟེར།།
གཡུ་སྦྲང་འཕུར་བའི་གཤོག་གླུ་སྙན་ནོ་སྐད།།
དབྱངས་ཀྱི་ངེས་པ་བདུན་ལྡན་མ་ཐོས་ཀྱང་།།
བྱུ་རུ་དམར་ཆུང་རྣ་ཡི་སྒྲ་དབྱངས་ཡིན།།

སྤྲིན་བྲལ་ཉི་མའི་འོད་ཀྱི་ཟེར་བརྒྱ་དྲོ།།
བུད་ཤིང་འབར་བའི་མེ་ལ་ཚ་བ་ལྡན།།
ལུས་ཀྱི་གྲང་བ་འཇོམས་བྱེད་མང་ན་ཡང་།།
བྱུ་རུ་དམར་ཆུང་ཡིད་ཀྱི་མེ་ལྕེ་ཡིན།།

མཚན་མོའི་ཟླ་བའི་འོད་ཀྱིས་བསིལ་བར་བྱེད།།
ཙན་དན་རླུང་བུས་ལྡང་བ་འཇམ་པོར་གནས།།
བསིལ་ཞིང་འཇམ་པའི་རེག་བྱ་མང་མོད་ཀྱང་།།
བྱུ་རུ་དམར་ཆུང་ཡིད་ཀྱི་བསིལ་རླུང་ཡིན།།

དགུན་གྱི་དུས་ལ་ཉི་མའི་ཚ་བ་མཁོ།།
དབྱར་གྱི་དུས་ལ་ཟླ་བའི་བསིལ་བ་དགོས།།
དབྱར་དགུན་གང་ལ་ཁྱད་པར་མེད་པ་ཡི།།
བྱུ་རུ་དམར་ཆུང་ཚ་གྲང་གཉིས་ཀ་ཡིན།།

དྲ་ངོས་ཞིག་ནས་མཇལ་བའི་དྲ་གྲོགས་མ།།
སྐད་ཆའི་བར་ནས་མཐུན་པའི་ཞེ་མཐུན་རོགས།།
སྔ་དགུང་གཉིས་ལ་དྲན་པའི་དྲན་འཛིན་མ།།
དེ་རིང་འདི་ཙམ་ཡིན་ནོ་བདེ་མོ་བྱོས།།
༠༡/༡༡/༡༢

   ཐོས་ཀྱང་མི་མཐོང་།

རྣ་ཡིས་ཐོས་ཀྱང་མིག་གིས་མཐོང་གི་མེད།། 
སེམས་ན་ཡོད་ཀྱང་ཁྱིམ་ཚང་གཅིག་ན་མེད།། 
གོ་ལ་གཅིག་ཀྱང་ཤར་ནུབ་གཉིས་ན་ཡོད།།

 སེམས་པ་མཐུན་ཡང་ལུས་པོ་རང་རང་སར།། 

ཁྱེད་དང་ངེད་གཉིས་གནས་ས་མི་གཅིག་རུང་།། 
རྒྱང་ཐག་མི་རིང་ཅུང་ཟད་ཉེ་བས་ན།། 
ཁྱེད་ཀྱི་འཛུམ་མདངས་བདག་གིས་མཐོང་བ་དང་།།
ང་ཡི་དགོད་སྒྲ་ཁྱེད་ཀྱིས་ཐོས་ཀྱང་སྲིད།།

བདག་གི་སེམས་ན་ཁྱེད་ནི་ལྷ་མོ་སྟེ།། 
ནམ་ཡང་བདག་གི་སྙིང་ཁར་རོལ་བར་མཛོད།། 
བདག་གི་མིག་ལ་ཁྱེད་ནི་མེ་ཏོག་སྟེ།། 
རྟག་ཏུ་བདག་གི་མིག་ཏུ་མཛེས་པར་མཛོད།། 

ང་ནི་རྒྱང་ཐག་རིང་བའི་ཡུལ་ན་ཡོད།། 
འོན་ཀྱང་བདག་སེམས་ཁྱེད་ཀྱི་འགྲམ་ན་ཡོད།། 
ཁྱེད་ཀྱི་འགྲམ་དུ་འཁོར་བའི་སེམས་པ་འདི།། 
ཉིན་རེ་བཞིན་དུ་ཇེ་མགྱོགས་ཇེ་གཙང་རེད།། 

ཞིབ་ཏུ་བསམས་ན་ང་ཡང་སྙིང་མ་རྗེ།། 
ཁྱོད་ལ་དགའ་ཡང་དགའ་སར་སླེབས་ཀི་མེད།། 
འདོད་པ་ཡོད་ཀྱང་རེ་བ་འགྲུབ་ཀི་མེད།། 
དགའ་བའི་བརྩེ་བ་སེམས་ལ་ཤོང་གི་མེད།། 

ཁྱེད་ལ་གཤོག་པ་ཡོད་དམ་མཛའ་མོ་ལགས།། 
ཁྱེད་ལ་རྫས་འཁྲུལ་ཡོད་དམ་སྙིང་སྡུག་ལགས།། 
ཡོད་ན་བདག་གི་མིག་མཐའི་མཆི་མ་འདི།། 
རས་དཀར་གཙང་མ་ཞིག་གིས་ཕྱིས་པར་མཛོད།།                                     
༡༡/༡༡/༡༢

 

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།