མཁར་གྲོང་གི་སྙན་ངག
15/04/2012 15:13
ཁ་བ་མཐུག་པའི་ལམ་ཁ་ཞིག་ནས།།
མི་ཡི་ཡུལ་ལ་ཕྱིར་བལྟས་མེད་པར།།
མི་ཞིག་མཛའ་བའི་སྙན་ངག་གྱེར་བཞིན།།
གྲོང་མཁར་ཞིག་གི་རྒྱབ་ཏུ་ཆས་སོང་།།
ལྷ་སའི་བར་སྐོར་མཇལ་བ་དག་གིས།།
སྔར་བཞིན་མ་ཎི་དབྱངས་ལ་གྱེར་འདུག །
ལམ་འགྲོ་བ་དེ་དེ་རུ་བསླེབས་པ།།
སུས་ཀྱང་མཐོང་ཐུབ་མེད་པར་གནས་སྐད།།
རྡོ་ལ་རི་མོ་རེ་རེ་བརྐོས་ཤིང་།།
ཆུ་ལ་འཕྲིན་ཡིག་རེ་རེ་བསྐུར་བ།།
མཐོང་རེག་སྟོང་བའི་དབྱིངས་སུ་གྱུར་བས།།
ལུས་ཀྱི་རྨུ་ཐག་འཇའ་ལ་བྲེས་སོང་།།
ཁོ་བོ་བགྲོད་པའི་གྲོང་མཁར་དེ་རུ།།
མི་རྣམས་གཅིག་གིས་གཅིག་ལ་ལྟ་བཞིན།།
ཁ་དར་ཡུག་གཅིག་ལག་པས་བཏེགས་ཏེ།།
ཁོ་བོའི་རྗེས་ལ་མིག་གིས་ཅེར་འདུག །
Tags:
———
Back