མཁས་པ་ཆེན་མོ་ར་སེའི་དཀོན་མཆོག་རྒྱ་མཚོ་མཆོག་གི་མཛད་པར་བསྔགས་པ་དྲི་མེད་སེམས་ཀྱི་མཆོད་པ།

22/07/2014 09:59

མཁས་པ་ཆེན་མོ་ར་སེའི་དཀོན་མཆོག་རྒྱ་མཚོ་མཆོག་གི་མཛད་པར་བསྔགས་པ་དྲི་མེད་སེམས་ཀྱི་མཆོད་པ། 


འབའ་སྲས།


སྐུ་ཡི་སྤྱོད་པས་སྐལ་ལྡན་དང་བ་འདྲེན།།

གསུང་གི་བདུད་རྩིས་རྨོངས་པའི་མུན་པ་འཁྲུད།།

ཐུགས་ཀྱི་བརྩེ་བས་འགྲོ་བ་རྗེས་སུ་འཛིན།།

ཁྱེད་ཀྱི་མཛད་པ་འཛིན་མའི་རྒྱན་དུ་མཛེས།།


འཆད་པ་འབུམ་གྱིས་ཐོས་ལྡན་ཤིས་པར་བསྒྲུབས།།

རྩོམ་པ་སྟོང་གིས་ས་ལ་གླེགས་བམ་བརྩིགས།།

རྩོད་པའི་གྲི་ཡིས་ལོག་རྟོག་རྨུ་ཐག་བཅད།།

ཁྱེད་ཀྱི་ཡོན་ཏན་འཛིན་མའི་ས་ལེ་སྦྲམ།།


ལེགས་བཤད་སྤྲིན་གྱི་ཕང་བ་རུ།།

རྣམ་དཔྱོད་གློག་གི་གར་སྟབས་ཀྱིས།།

ཡོན་ཏན་སྦྲང་ཆར་བཅུད་འཐུངས་པས།།

ས་སྲུང་བསིལ་བའི་གཉེན་དུ་མཆོག །


མཚོ་ཆེན་ཐུགས་ཀྱི་གཏིང་ཀ་ནི།།

ཤེས་བྱ་ཆུ་ཡི་མ་མ་སྟེ།།

ཀླུང་ཆེན་མཐའ་དག་འཐུངས་ན་ཡང་།།

ད་དུང་འགེང་མེད་སྣོད་དུ་ཆེ།།


རྣམ་དཔྱོད་གློག་གི་རྩེ་དགའ་ལས།།

བསྟན་བཅོས་འབྲུག་གི་སྒྲ་དབྱངས་ཅན།།

བློ་གྲོས་སོར་མོའི་སྤྲིན་གསེབ་ནས།།

སྐལ་ལྡན་ས་ལ་ཆར་བཞིན་བསྙིལ།།


མཁྱེན་པ་ལྷ་ཡི་རྫིང་རིང་དུ།།

ལྗགས་རྩོམ་འབྲུག་བརྒྱ་ལྡིར་བ་ན།།

སྐལ་ལྡན་མདོངས་མཐའ་མྱོས་པ་ཡིས།།

དད་པའི་སྒྲོ་གུར་མཆོད་པར་བྱེད།།


སྒྲིབ་པའི་སྨག་གིས་བསྒྲིབས་པ་ཡི།།

བློ་དམན་རི་འབུར་མུན་གཟུགས་ནི།།

ཡོན་ཏན་འོད་ཀྱིས་མཐོང་བྱེད་པ།།

ཁྱོད་ནི་ཉིན་མོའི་དབང་ཕྱུག་གོ །


ལོག་རྟོག་མུན་སྟུག་འཐིབས་པའི་མཚན།།

ལེགས་བཤད་གསེར་གྱི་ཟླ་བ་ཡིས།།

ཉིན་མོ་བཞིན་དུ་གསལ་བྱས་པས།།

ཁྱོད་ནི་མཚན་མོའི་མགོན་པོ་འོ།།


རྩ་བ་ལྟུང་བའི་དུག་མཚོ་ལས།།

བགྲོད་འདོད་རྣམས་ལ་མཆོག་གི་གྲུ།།

རྡོ་རྗེ་ཐེག་པས་བསྐྲུན་པ་ཡིས།།

ཁྱོད་ནི་ཐར་འདོད་འདྲེན་པའི་མགོན།།


ས་ཆེན་དབྱིག་གི་ཕང་བ་རུ།།

ཤེས་བྱའི་མཛེས་པ་དགོད་པ་ཡི།།

ལྗགས་རྩོམ་སྟོང་གི་མེ་ཏོག་ནི།།

ཡིད་དུ་འོང་བ་ཉིད་དུ་བཀྲམས།།


བསྟན་བཅོས་བརྩམས་པའི་གླེགས་བམ་ནི།།

འཛིན་མ་གནོན་པའི་བྲག་རི་དང་།།

མཁྱེན་པའི་རྣམ་དཔྱོད་ཡངས་པ་ནི།།

ལྷ་ཡི་རྫིང་རིང་ཉིད་དུ་མཐོང་།།


འོན་ཀྱང་མི་བཟོད་དུག་གི་མཚོར།།

གནས་པའི་སྦྲུལ་ཆེན་དག་གིས་ནི།།

ཕྲག་དོག་ལྕེ་རྩེ་གཡོ་བ་ཡིས།།

དམོད་པའི་ཁ་ཆུ་འཕེན་པར་རྩོམ།།


ཁྱུ་མཆོག་དབྱིབས་སུ་བགྲོད་པ་ཡི།།

རི་ངོས་དབྱར་གྱི་སྤྲིན་པ་ལ།།

རང་གཟུགས་འཛིན་པ་མི་རུང་ཞེས།།

རྒོལ་བའི་རྣ་ཅན་སྨྱོན་པ་འཁྲུལ།།


སྟག་ལྤགས་གྱོན་པའི་བོང་བུ་འགའ།།

ནགས་ཀྱི་ཚལ་དུ་འགྲོ་ན་ཡང་།།

མཆེ་སྡེར་གཉིས་ཅན་འཕྲད་པ་ན།།

འདར་བའི་རང་གཟུགས་གསལ་བར་འགྱུར།།


མཁྱེན་དང་རྟོགས་པའི་ཐིག་ལེ་བཀྲ།།

ལྗགས་རྩོམ་སྟོང་གི་མཆེ་བ་རྣོ།།

ལོག་རྟོག་གཞོམ་པའི་སྡེར་མོ་རིང་།།

མི་ཡི་རྒྱ་སྟག་སུ་ཡིས་འགྲན།།


དེ་བས་གང་སྐུ་ལྷུན་པོ་དང་།།

གསུང་དབྱངས་འབྲུག་གི་རྔ་བོ་ཆེ།།

མཛད་པ་རྟ་བདུན་དབང་བོའི་འོད།།

བསྐལ་བ་མ་འཇིག་མཐར་དུ་བརྟན།།


ཕྲག་དོག་ཅན་དག་གྲུབ་མཐའ་ཡི།།

དབང་གིས་ཁྱོད་ལ་དམོད་དོ་ཞེས།།

གཏམ་འདི་རྒྱང་ནས་ཐོས་པ་ཡིས།།

ཁོ་བོས་འདི་ནས་འདི་ཙམ་བྲིས།།


༡༤/༠༧/༠༧ ཉིན་གྱི་ཕྱི་དྲོར།


Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།