མངར་སྐྱུར་གྱི་འཚོ་བ།

12/03/2013 14:26

        མངར་སྐྱུར་གྱི་འཚོ་བ།

 
འགའ་ཞིག་ཐོག་མར་མངར་ཡང་རྗེས་སུ་སྐྱུར།།
ལ་ལ་ཐོག་མར་སྐྱུར་ཡང་རྗེས་སུ་མངར།།
མངར་སྐྱུར་རེས་སུ་འཁོར་བའི་མི་ཚེ་འདི།།
ང་དང་ཁྱོད་ཀྱི་ཟློག་མེད་འཚོ་བ་དངོས།།
 
དེ་རིང་བཞད་པའི་གདོང་གི་འཛུམ་མདངས་དེ།།
སང་ཉིན་མྱ་ངན་སྟོང་གི་ཁ་སྣོན་འགྱུར།།
ཁ་སང་མེད་མུག་འདོན་པའི་ཐན་སྐད་དེ།།
དེ་རིང་དགའ་དང་སྤྲོ་བའི་གླུ་རུ་འགྱུར།།
 
མི་ཚེ་གང་བོར་བདེ་སྐྱིད་སུ་ལ་མེད།།
སྡུག་བསྔལ་རྐྱང་ལས་འདས་པ་སུ་ཡང་མེད།།
དགའ་སྡུག་སྐྱོ་གསུམ་ཆུ་ཚོད་འཁོར་མདའ་བཞིན།།
ཐུང་བའི་རྗེས་ལ་རིང་བས་དེད་ནས་ཡོད།།
 
དུས་ཚུགས་ལ་ནི་དབྱར་དཔྱིད་སྟོན་དགུན་བཞི།།
ཟླ་བ་ལ་ཡང་འཕེལ་འགྲིབ་རིམ་པ་གཉིས།།
ཉི་མ་ཉི་ལྡོག་ཚ་གྲང་རིམ་པ་མང་།།
མི་ཡི་མི་ཚེ་གཅིག་ཏུ་ག་ལ་གནས།།
 
འགའ་ཤས་ངུ་ཞིང་ཁ་ཅིག་དེ་ལ་དགོད།།
ང་ཡང་ངུ་ཞིང་དེ་བཞིན་དགོད་པར་བྱེད།།
ང་རང་དགའ་བའི་དུས་སུ་ཁྱོད་ནི་སྐྱོ།།
དགའ་སྐྱོ་མཉམ་གནས་བྱེད་པོ་སུ་ཞིག་མཆིས།།
 
རྒྱུ་དང་འབྱོར་བས་དགའ་བ་ཤིན་ཏུ་མང་།།
མེད་དང་མུག་གིས་སྐྱོ་བ་དེ་བས་མང་།།
རྒྱུ་འབྱོར་དགའ་བའི་ནང་དུ་སྐྱོ་བ་མང་།།
མེད་མུག་སྐྱོ་བའི་ནང་དུ་དགའ་བའང་མང་།།
 
དགའ་བ་ཁོ་ནའི་སྟན་ལ་སུ་ཞིག་བཞུགས།།
གཏན་དུ་སྐྱོ་བའི་གཉའ་ཤིང་སུ་ཡིས་འདེག །
མི་ཚེ་འཚོ་བའི་ཐག་གཅོད་སུ་ལ་མེད།།
མངར་སྐྱུར་འཚོ་བའི་ཚངས་ཐིག་རང་ཉིད་དོ།།
 
དགེ་འདུན་ཆོས་འཕེལ་ཚེ་མཐའ་བཙོན་དུ་རྫོགས།།
འབའ་བ་ཕུན་ཚོགས་ལོ་ངོ་བཅུ་དྲུག་དང་།།
སྣང་བ་མཐའ་ཡས་བགྲང་བྱ་བརྒྱད་རིང་དུ།།
བཙོན་དུ་བཞུགས་པ་མངར་སྐྱུར་འཚོ་བའི་དཔེ།།
 
རཱ་མ་ཎ་ཡིས་རྒྱབ་ཁབ་འཛིན་པའི་དུས།།
བཙུན་མོ་སྟོང་གི་དབུས་སུ་སྐྱིད་དོ་གྲགས།།
རྒྱལ་ས་དོར་ཏེ་ནགས་ཁྲོད་འགྲིམ་པའི་སྐབས།།
རི་དྭགས་རྨུག་རྗེས་དེད་དེ་ངལ་ལོ་ཐོས།།
 
མཐོ་བ་རྒྱལ་བོ་དམའ་བ་གཡོག་པོ་བར།།
འབྱོར་ལྡན་ཕྱུག་པོ་དབུལ་བོ་པ་མགོ་བར།།
མངར་སྐྱུར་འཚོ་བའི་ཕྲེང་ལམ་མ་བརྒྱུད་པའི།།
སྐྱེ་བོ་སུ་ཞིག་འཇིག་རྟེན་འདི་ན་མེད།།
 
མངར་སྐྱུར་འཚོ་བ་གནམ་གཤིས་འགྱུར་ལྡོག་སྟེ།།
ད་ལྟ་དྲོད་ཅིང་རྗེས་སུ་འཁྱག་པར་འགྱུར།།
འཁྱག་པ་དེ་ཡང་གཏན་དུ་མི་སྡོད་དེ།།
ཉི་མ་བཞིན་དུ་སྤྲིན་གྱི་གསེབ་ནས་ཤར།།
 
འདི་ནི་བདེ་ཞིང་ཀྱོག་པའི་ཕྲེང་ལམ་མོ།།
འདི་ནི་ཁྱོད་དང་ང་ཡི་མི་ཚེ་འོ།།
འདི་ནི་མི་ཚེ་གཅིག་གི་སྡོམ་ཚིག་གོ །
འདི་ནི་མངར་ཞིང་སྐྱུར་བའི་འཚོ་བ་འོ།།
 
༠༨/༠༣/༡༣

 

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།