མཆོད་པ་དཀོན་མཆོག་གིས་མ་བཞེས།
23/09/2011 17:55
ནམ་མཁའི་སྤྲིན་པ་ལ་བལྟས་ནས།།
སིམ་སིམ་ཆར་བ་ལ་སྒུག་ཡོད།།
ལྷོ་ཕྱོགས་རླུང་དམར་གྱི་མེ་ཡིས།།
སྤྲིན་པའི་ནགས་ཚལ་དེ་བསྲེགས་སོང་།།
སྤྲིན་པའི་དཀྱིལ་འཁོར་གྱི་སྟེང་ན།།
སྙིང་གི་འབྲུག་ཆུང་ཁྱོད་ཡོད་དམ།།
མེད་ན་ལྷོ་ཡུལ་གྱི་རྨ་བྱ།།
ཤར་ཕྱོགས་མཚོ་འགྲམ་ལ་འཕུར་འགྲོ།།
སྐལ་བཟང་མེ་ཏོག་གི་ཚལ་ནས།།
ཉམ་ཆུང་སྦྲང་མ་ཡི་གླུ་དབྱངས།།
མཛའ་བོའི་སྐྱོ་གླུ་རེད་བསམ་པ།།
སྙིང་གི་ཆུང་ལོ་ཁྱོད་ཡོད་དམ།།
ཆར་རྗེས་འཇའ་ཚོན་གྱི་རི་མོ།།
ཁྱེད་ཀྱི་ལང་ཚོ་ལ་འཁྲུལ་ནས།།
བྱེ་མའི་ཐང་ཆེན་དེ་བརྒལ་བ།།
དེ་རིང་སྐྱོ་གདུང་གི་གླུ་དབྱངས།།
རླུང་ནག་འཚུབ་མ་ཡི་ཁྲོད་དུ།།
མར་མེ་རྐང་གཅིག་ལ་བསྟེན་ནས།།
སྙིང་གི་འཁྱག་རོམ་གྱི་རི་བོ།།
བཞུ་འདོད་ང་རང་གི་གླེན་རྟགས།།
ཟླ་བའི་དཀྱིལ་འཁོར་གྱི་རི་བོང་།།
རི་དྭགས་ཤྭ་བ་ལ་འཁྲུལ་ནས།།
སྙིང་གཏམ་གཞུ་མོ་ལ་བཀུགས་པ།།
བཟོད་གསོལ་ཁ་དར་ལ་བསྐུར་ཆོག །
དེ་རིང་ཉི་མ་དང་ཟླ་བ།།
ཤར་ནུབ་རང་རང་སར་བྱེད་ཆོག །
ཟླ་བའི་མཚན་ལྗོངས་ཀྱི་ལམ་ཁ།།
དཀར་ཐང་གསལ་གསལ་གྱི་སྨོན་ལམ།།
ཟླ་བ་གཟའ་ཅན་ལ་སྐྲག་དགོས།།
ཉི་མ་སྤྲིན་པ་ལ་ཡོལ་དགོས།།
གཟའ་དང་སྤྲིན་པ་ཡི་བར་ནས།།
ངེད་གཉིས་ཅི་འདྲ་ཞིག་ཉམ་ཆུང་།།
ཉམ་ཆུང་གྲོག་མ་དང་འདྲ་བ།།
ངེད་གཉིས་ལས་དབང་ལ་བསྐོས་འདུག །
ལས་དབང་བཙན་རྫོང་གི་ལྕགས་ཟྭ།།
འབྱེད་བྱེད་ལྡེ་མིག་དེ་མི་འདུག །
ཁྱེད་ཀྱི་སྐུ་གཟུགས་ཀྱི་མེ་ཏོག །
བདག་སེམས་མཆོད་ཁྲི་ནས་མཛེས་ཀྱང་།།
དད་པ་རྩེ་གཅིག་རང་མིན་པས།།
མཆོད་པ་དཀོན་མཆོག་གིས་མ་བཞེས།།
ངེད་གཉིས་ལུས་སེམས་ཀྱི་བར་ན།།
ཁ་བཤད་ཝུ་དཀར་གྱིས་མཛེས་ཀྱང་།།
ལག་ལེན་གསེར་ཆེན་གྱི་མེ་ཏོག །
མ་བཞད་སེམས་པ་འདི་སྐྱོ་ཨང་།།
Tags:
———
Back


