མཆོད་མེ་འདིས་ཁྱེད་ལ་འགྲོ་ལམ་སྟོན།
22/07/2014 21:45མཆོད་མེ་འདིས་ཁྱེད་ལ་འགྲོ་ལམ་སྟོན།
༼ཆུང་མའི་ཕ་ལོ་འདས་པར།༽
འབའ་སྲས།
ང་ནི་ཁྱེད་ཀྱི་རུས་པའི་བུ་མིན།།
ལས་ཀྱིས་ཚེ་འདིར་བུ་རུ་གྱུར་སོང་།།
ཕ་ལོ་ཁྱེད་རང་འདས་པའི་ཉིན་ནས།།
ང་ཡི་སེམས་ཀྱང་ཉམས་པར་གྱུར་སོང་།།
ང་དང་ཁྱེད་ཀྱི་བུ་མོ་གཉིས་ཀ །
མི་ཚེའི་འཚོ་བའི་སྐྱིད་སྡུག་གཅིག་ཡིན།།
ཕ་ཁྱོད་འདས་པའི་བུ་མོའི་སྡུག་བསྔལ།།
བདག་གི་སེམས་དང་བརྩེ་བས་མྱངས་ཡོད།།
ལོ་ངོ་ཉེར་ཟིན་འདས་པའི་ད་ལོར།།
ཕ་ཁྱོད་མཇལ་བར་ལས་སུ་བྲེལ་ཡོད།།
ཕ་ཁྱོད་གློ་བུར་འདས་པའི་རྗེས་ནས།།
ཆོས་ཀྱི་བྱ་བར་འབད་པས་བསྡོངས་ཡོད།།
ཁྱེད་ཀྱི་བུ་མོའི་མིག་གི་མཆི་མ།།
ང་ལས་གཞན་དང་སུ་ཡིས་མཐོང་མེད།།
མཆོད་མེ་འོད་སྣང་རེ་རེའི་ལྷན་དུ།།
ཕ་ཁྱོད་དྲན་པའི་འཕྲིན་ཡིག་བཟློས་ཡོད།།
ཕ་ཁྱོད་དྲན་པའི་བུ་མོ་གཞོན་ནུ།།
ཉི་མ་རེ་ནས་ཉམ་པར་གྱུར་སོང་།།
འོན་ཀྱང་ཕ་ལོའི་རྣམ་ཤེས་མ་འཁོར།།
ང་ནི་བུ་མོའི་སེམས་གསོ་སྨན་ཡིན།།
སྐྱེས་པའི་མཐའ་མར་འཆི་བ་ལས་གྲོལ།།
བྱང་ཆུབ་སེམས་དཔའ་རྣམས་ལ་མེད་པས།།
ཕ་ལོ་འདས་པར་སྐྱོ་བས་མི་ཕན།།
ཆོས་ཀྱིས་དགེ་རྩ་བསྒྲུབ་པ་མཆོག་གོ །
འདི་ལྟར་མགོ་བོ་བྲང་ལ་སྦྱར་ནས།།
སེམས་གསོ་ཚིག་གི་སྨན་མཆོག་ཕུལ་བས།།
ཡང་དང་བསྐྱར་དུ་ལན་མང་བཟློས་པས།།
ད་གཟོད་གདོང་གི་ཤ་མདངས་མངོན་སོང་།།
དེ་བས་ཕ་ཁྱོད་ཆུང་ནས་བོར་བའི།།
བུ་མོ་འདི་ལ་འཁོར་འཁོར་མ་བྱེད།།
བུ་མོའི་སེམས་ཀྱང་ཕ་ལ་མ་འཁྲེང་།།
ཕ་བུ་མཉམ་དུ་འཆི་བ་སུའང་མེད།།
ཕ་ཡིས་སྔོན་བསྒྲུབས་ཆོས་ཀྱི་དགེ་བ།།
ཕ་ཡི་སོར་ལྔའི་ཁྱིམ་གྱི་སྒྲོན་མེ།།
བུ་མོས་ཆོས་བསྒྲུབས་ཤུལ་ཀྱི་དགེ་བ།།
ཕ་ཡི་རྗེས་སུ་མངགས་པའི་འོད་སྣང་།།
འོད་སྣང་འདི་དང་ལྷན་ཅིག་བསྡོངས་ནས།།
ཕ་ཁྱོད་དག་པའི་ཞིང་ནས་འཕོས་ཤིང་།།
ང་དང་ཁྱེད་ཀྱི་བུ་མོ་གཉིས་ཀ །
སླར་ཡང་འདི་ལྟར་སྐྱེས་པའི་སྨོན་ལམ།།
སྤྱི་ཟླ་བཞི་བའི་ཚེས་ལྔ་དང་གཟའ་སྤེན་པའི་ཕྱི་དྲོར་ཆུང་མ་དང་མཉམ་དུ་མཆོད་མེ་བསྒྲོན་རྗེས།
———
Back