མཚན་གུང་གི་མཚོ་ངོགས།

22/07/2014 21:47

             མཚན་གུང་གི་མཚོ་ངོགས།


འབའ་སྲས།


གློག་གི་སྒྲོན་མེ་མེད་པའི་མཚན།།

ཟླ་ཟེར་འོད་ལ་བརྟེན་བྱས་ཏེ།།

མུ་མེད་རྒྱ་མཚོ་འཕྱུར་བའི་ངོགས།།

གསར་བཞད་མེ་ཏོག་ལྟ་རུ་རྒྱུགས།།


རླབས་ཀྱི་ཕྲེང་བ་འཕྱོ་བཞིན་དགོད།།

མཛེས་པའི་མེ་ཏོག་འཛུམ་ཞིང་གཡོ།།

ཝུ་དཀར་ཐོར་བའི་མུ་ཏིག་གིས།།

རྒྱུ་སྐར་ཚོགས་ལ་འཕྱ་ཞིང་འགྲན།།


ས་གཞི་ཆེ་བའི་དཀྱིལ་འཁོར་དུ།།

མཚོ་ཡི་མུ་ཏིག་ཆགས་པ་ནི།།

རལ་ཁུར་རལ་བའི་ནགས་ཚལ་དུ།།

ཟླ་བ་ཕྱེད་ཀྱིས་མཛེས་པ་བཞིན།།


དེ་ཡི་འོད་ཀྱི་ཟེགས་མ་ནི།།

གློག་གི་ཞགས་ཐག་འཁྱུག་པ་ལྟར།།

རྒྱ་མཚོ་མཐའ་ཡི་ལུས་པོ་ལ།།

སྔོན་མེད་སྤྲས་པའི་གོས་རྒྱན་མཐོང་།།


དེ་མཐོང་ཁོ་བོ་འཇིག་རྟེན་ལས།།

རིང་དུ་འདས་ཤིང་ཆགས་མེད་བཞིན།།

མཛའ་བའི་ཞགས་ཐག་རྐུད་པ་ཡིས།།

ཚེ་ཡི་ཐགས་ཀྱི་རས་ཁ་བྲེས།།


འཕྱོ་ཞིང་འཕུར་བའི་རླབས་རིས་ཀྱིས།།

ཉི་མའི་གདོང་གི་རྣ་བ་ལ།།

སྒྲ་ཆེན་བསྒྲོག་ལ་འཇིགས་པ་ཡིས།།

གསེར་མིག་དག་ནི་ཕོ་ཉར་བརྫངས།།


མཐོ་རིས་ནགས་ཀྱི་སྐྱེད་ཚལ་ན།།

ཡིད་ཡོང་གང་དུ་མ་ཆགས་པར།།

དབང་བོ་དག་གི་ཞེན་པའི་འོད།།

ས་ཡི་མཚོ་ལ་འོད་ཀྱིས་འཁྱུག །


ས་ཡི་ཕོ་ཉ་འཕུར་རྩལ་གྱིས།།

ནམ་མཁའི་ཕོ་བྲང་བརྗིད་པ་རུ།།

མཚོ་ཡི་ཟེགས་མ་རེ་རེ་ནི།།

བདུད་རྩི་བཞིན་དུ་མཆོད་པར་བྱེད།།


དེ་མཐོང་ཁོ་བོ་མཚོ་ངོགས་སུ།།

སྨྲ་ཤེས་མེད་པར་ལྐུགས་གྱུར་ཅིང་།།

སོར་མོ་བགྲད་ཀྱང་མ་རེག་པར།།

མཚོ་ངོགས་དེ་ནས་ས་རུ་འཐིམས།།


༠༩/༠༤/༡༤ མཚན་ཆུང་མའི་རུམ་ནས།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།