མི་དང་མི།
09/07/2011 16:58
ཞོགས་པར་ཡར་ལ་ལངས་ནས་སོ་ཞིག་འཁྲུས།།
ཉིན་གུང་མར་ལ་བསྡད་ནས་གཅིན་ཞིག་བཏང་།།
ཕྱི་དྲོད་ཕོ་བ་འགྲངས་བའི་ཟས་ཤིག་ཟོས།།
ཨ་ཙི་མཚན་མོ་མུན་པ་སླར་ཡང་བསླེབས།།
ཁ་སང་ཐ་མག་བཅད་ནས་མནའ་ཞིག་བསྐྱལ།།
དེ་རིང་ཕྱིར་ལ་འཐེན་ནས་སྡིག་ཅིག་བསགས།།
སང་ཉིན་སླར་ཡང་གཅོད་པའི་དམ་ཞིག་བཅོས།།
འཐེན་རེ་གཅོད་རེ་མནའ་ཡི་ཉེས་པ་མང་།།
ན་ནིང་གྲྭ་བ་བྱས་ནས་ཆོས་ཤིག་བཅོས།།
ད་ལོ་སྐྱ་སར་བབས་ནས་ཁྱིམ་ཞིག་བཟུང་།།
སང་ལོ་བུ་ཕྲུག་འགའ་ཡི་ཨ་ཕ་སྟེ།།
མི་ཚེ་འགྱུར་ལྡོག་ལྟད་མོ་ཧ་ཅང་མང་།།
ཁ་སང་མི་སྟེ་དེ་རིང་སང་ཉིན་མི།།
ན་ནིང་མི་སྟེ་ད་ལོ་སང་ལོ་མི།།
མི་ནི་ནམ་ཡང་མ་ཤི་བར་དུ་མི།།
ང་ནི་མི་ཡི་སྐྱེས་ཀྱང་མི་མི་ཤེས།།
རྒྱང་ཐག་རིང་བའི་ཕ་མཐའི་མཚོ་འགྲམ་ན།།
མི་དང་མི་ཡི་གསང་བ་ཡོད་དོ་སྐད།།
ཆེ་ཆེར་ཉེ་བའི་ཁ་དང་སྣ་ཡི་བར།།
མི་དང་མི་ཡི་ལྐོག་གྱུར་ཡོད་དོ་སྐད།།
Tags:
———
Back