མི་བུ་ལ་ལ།

28/07/2014 09:34

                   མི་བུ་ལ་ལ།


འབའ་སྲས།


ཁ་ནས་བཤད་ན་ལྷ་ཁང་གསེར་ཁང་བཞེངས།།

ལག་ལེན་ཁྲོད་ན་ཆུ་ཐིགས་ཙམ་ཡང་མེད།།

ཁ་བཤད་ཆུ་ཡི་ཝུ་བའི་རྗེས་འགྲོ་བ།།

མི་བུ་ལ་ལ་ཡ་མཚན་ཆེ་བའི་མི།། 


རང་སྐྱོན་རི་བོ་མི་མཐོང་ལོང་ཏོག་ཅན།།

གཞན་སྐྱོན་ཁབ་རྩེ་ལག་མཐིལ་སྐྱུ་རུ་ར།།

བཞག་པ་བཞིན་དུ་གསལ་ཞིང་མཐོང་བའི་མིག །

མི་བུ་ལ་ལའི་མིག་འདི་ཡ་མཚན་མིག ། 


གཞན་ལ་སྐྱོན་བརྗོད་བྱས་ན་གདེངས་པའི་ཁ།།

ལེགས་བཤད་བསྟན་བཅོས་སྨྲ་ལ་བཙུམས་པའི་ཁ།།

བཀའ་ལོག་སྒྲོ་བཏགས་བྱས་ན་ཆེ་བའི་ཁ།།

མི་བུ་ལ་ལའི་ཁ་འདི་ཡ་མཚན་ཁ།།


བསྔགས་འོས་བསྔགས་པར་བྱེད་ལ་ཤིན་ཏུ་གྱོང་།།

དམོད་དང་སྡིགས་ལ་དུག་སྤྲུལ་ནག་པོའི་ལྕེ།།

གང་ས་གང་དུ་རྐྱོང་ཞིང་རིང་བ་ཡི།།

མི་བུ་ལ་ལའི་ལྕེ་འདི་ཡ་མཚན་ལྕེ།།


བཟང་བ་ལེགས་ཆ་ནམ་ཡང་མི་ཐོས་ཀྱང་།།

ངན་པ་བཙོག་པ་མ་བཤད་ན་ཡང་གོ །

བཟང་ངན་ཐོས་པའི་བྱེད་ནུས་མི་འདྲ་བ།།

མི་བུ་ལ་ལའི་རྣ་འདི་ཡ་མཚན་རྣ།།


ལག་པ་ཡར་འཐེན་སེམས་ལ་མི་དྲན་མོད།།

རྐང་པ་དྲུད་ན་བློ་རིག་རྣོ་བ་ཅན།།

ཕྲག་དོག་མྱོས་ཆུ་ཆང་གིས་བལྟམས་པ་ཡི།།

མི་བུ་ལ་ལའི་སེམས་འདི་ཡ་མཚན་སེམས།།


༡༤/༠༧/༢༧ ཉིན། སྤང་ཁ་ཞིག་ནས།


Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།