མི་ཚེ་འགྲོ་ལམ།

22/07/2014 15:51

   


             མི་ཚེའི་འགྲོ་ལམ།


འབའ་སྲས།


མཚམས་སྤྲིན་དམར་པོ་དེ་ཁྱེད་ཀྱི་གཟི་བརྗིད་ཡིན་ངེས།།

རི་རྩེ་མཐོན་པོ་དེ་ང་ཡི་རླུང་རྟ་ཡིན་ཆོག །

གནམ་ས་གཉིས་སྦྲེལ་གྱི་ལམ་ཁ་འདི་ལས་གཞན་ཞིག།

འཇིག་རྟེན་ཕ་རོལ་ལས་གོ་ལ་འདི་ན་མེད་དོ།།


གཙང་མོ་ཤག་ཤག་དེ་ཁྱེད་ཀྱི་མདུན་ལམ་ཡིན་ངེས།།

ཕ་བོང་ནག་རོག་དེ་བདག་གི་བར་ཆད་ཡིན་ཆོག །

ཆུ་བོ་བྲག་རྡོ་ལ་མ་ཐུག་བཞུར་བའི་ལམ་ཞིག །

བྱེ་མའི་ཐང་ཆེན་དུ་བཙལ་ཀྱང་རྙེད་པ་མེད་དོ།།


གནམ་མཁའི་འཇའ་རིས་དེ་ཁྱེད་ཀྱི་འཛུམ་མདངས་ཡིན་ངེས།།

སྟོན་ལོ་རྙིད་པ་ནི་ང་ཡི་སྐྱོ་ཉམས་ཡིན་ཆོག །

མི་རྟག་ཆོས་ཉིད་འདི་སྐད་ཅིག་རང་བཞིན་ཡིན་པས།།

གཏན་དུ་རྟག་པ་ཡི་ལམ་ཞིག་སུ་ལ་མེད་དོ།།


འབྲོང་གི་རྭ་རྩེ་ནི་ཁྱེད་ཀྱི་ཕུགས་སེམས་ཡིན་ངེས།།

ཝ་མོའི་མཇུག་མ་ནི་ང་ཡི་མི་ཚེ་ཡིན་ཆོག །

རྩྭ་གཟན་ཤ་གཟན་གྱི་འཚོ་བ་ཁ་ཁ་ཡིན་ཡང་།།

རང་རང་བྱས་ནས་ནི་འགྲོ་སའི་ལམ་ཞིག་མེད་དོ།།


གཡག་རོག་རྒོད་པོ་ཡི་རྒྱབ་ཏུ་སྒ་ཞིག་ཡོད་ལ།།

གྱི་ལིང་ཁ་ན་ཡང་ལྕགས་ཀྱི་སྲབ་ཅིག་ཡོད་པས།།

རང་རང་ལས་བསྐོས་ཀྱི་བསྒྲུབ་བྱ་འདི་ཉིད་མ་གཏོགས།།

རང་སྣང་གང་དྲན་གྱི་བྱ་བའི་ལམ་ཞིག་མེད་དོ།།


མཐོན་པོའི་བྲག་རི་ལ་རིང་བའི་སྐེ་ཞིག་འཛུགས་ཆོག །

ཟབ་པའི་མཚོ་ངོགས་སུ་བརྟན་པོའི་གྲུ་ཞིག་གཏོང་ཆོག །

མི་ཚེ་འགྲོ་ལམ་འདིར་ལས་བསྐོས་འདི་ལས་མ་གཏོགས།།

བཟོ་དང་ཚན་རིག་གིས་བགྲོད་པའི་ལམ་ཞིག་མེད་དོ།།


ཁྱེད་རང་ཕར་ཕྱོགས་སུ་ལོ་དང་ཟླ་ལ་ཆས་ཀྱང་།།

ནམ་ཞིག་བདག་གི་ནི་མདུན་ལ་འཁོར་འཁོར་བྱ་ཡོང་།།

བདག་ཀྱང་ཕར་ཕྱོགས་ལ་ཇི་ལྟར་ཡང་ཡང་བསྐྱོད་ཀྱང་།།

ཚུར་ཚུར་འཁོར་བ་ལས་འགྲོ་ས་གཞན་ཞིག་མེད་དོ།།


༡༠/༠༢/༡༤ ཕྱི་དྲོར་རང་ཁྱིམ་དུ།





Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།