མི་ཚེའི་རྩ་དོན་བཞི།

15/05/2013 18:28

               མི་ཚེའི་རྩ་དོན་བཞི།

 
                     ༼༡༽
 
    ང་ཡང་ཁྱོད་ལྟར་བཤད་ཤེས་དོན་གོ་བས་འཇིག་རྟེན་མི་ཡུལ་དུ་སྡོད་པའི་སྐྱེས་བོ་ཞིག་ལས་གཞན་ཅི་ཡང་མིན། ཡིན་ན་ཡང་། མི་ཞིག་འཇིག་རྟེན་འདིར་སྡོད་ཆོག་ཆོག་ཅིག་ག་ལ་ཡོད། རང་རང་གི་རྣམ་དཔྱོད་དང་རྩོལ་བ་ལ་བརྟེན་ནས་འཚོལ་སྙེགས་ཤིག་གམ་རེ་བཞག་ཅིག་ལ་ཅིས་ཀྱང་འབད་དགོས། དེ་ནི་"མི་ཚེའི་མདུན་ལམ"་ཟེར་བ་དེ་རེད། མདུན་ལམ་གྱི་ཆེད་དུ་མི་ཚེ་བརླགས་ཤིང་། མི་ཚེ་ཡི་ཆེད་དུ་མདུན་ལམ་བོར་བ་ཅི་འདྲས་མང་ཨང་།
 
                    ༼༢༽
 
   ང་ཡང་ཁྱོད་ལྟར་དྲིན་ཆེན་ཕ་མ་གཉིས་ལས་གཉོམ་ལག་རྒྱས་ཤིང་། ཁྱིམ་ཚང་གི་ཁ་དབུགས་ལ་བརྟེན་ནས་འཚར་ལོངས་བྱུང་བ་ཞིག་ལས་གཞན་ཅི་ཡང་མིན། ཡིན་ན་ཡང་། ཁྱིམ་ཚང་ཞིག་ལས་སྡོད་ཆོག་ཆོག་ཅིག་ག་ལ་ཡོད། རང་རང་གི་བརྩེ་སེམས་དང་དུངས་ཞེན་ལ་བརྟེན་ནས་ཕ་མའི་བཀའ་དྲིན་མཇལ་དགོས། དེ་ནི་"ཕ་མའི་དྲིན་ལན"་ཟེར་བ་དེ་རེད། ཕ་མའི་ཆེད་དུ་རང་ཉིད་བོར་ཤིང་། རང་གི་ཆེད་དུ་ཕ་མ་བརྗེད་པ་ཅི་འདྲས་མང་ཨང་།
 
                  ༼༣༽
 
ང་ཡང་ཁྱོད་ལྟར་དབྱངས་གསལ་གཉིས་ལས་སྐད་ཆ་བསླབས་ཤིང་། སྐད་ཡིག་དང་སྐད་ཆ་གཉིས་ཀྱིས་མི་རིགས་ཤིག་གི་གྲལ་དུ་ཚུད་པ་ཞིག་ལས་གཞན་ཅི་ཡང་མིན། ཡིན་ན་ཡང་། མི་རིགས་ཤིག་གི་གྲལ་དུ་སྡོད་ཆོག་ཆོག་ཅིག་ག་ལ་ཡོད། རང་རང་གི་ལྷག་བསམ་དང་རིགས་ཞེན་ལ་བརྟེན་ནས་བོད་སྐད་བཤད་དགོས། དེ་ནི་"སྐད་ཡིག་སྲུང་སྐྱོབ"་ཟེར་བ་དེ་རེད། སྐད་ཡིག་གི་ཆེད་དུ་རང་ཉིད་བོར་ཞིང་། རང་ཉིད་ཀྱི་ཆེད་དུ་སྐད་ཡིག་དོར་བ་ཅི་འདྲས་མང་ཨང་།
 
                    ༼༤༽
 
ང་ཡང་ཁྱོད་ལྟར་དཔེ་རྒྱན་གཟུགས་རྒྱན་ལས་སྙན་ངག་གི་ཁ་བྱང་རྙེད་ཅིང་། དོན་རྒྱན་སྒྲ་རྒྱན་ལས་སྙན་ངག་གི་མཛེས་སྡུག་མཐོང་མཁན་ཞིག་ལས་གཞན་ཅི་ཡང་མིན། ཡིན་ན་ཡང་། སྙན་ངག་པའི་གྲལ་དུ་སྡོད་ཆོག་ཆོག་ཅིག་ག་ལ་ཡོད། རང་རང་གི་སྦྱང་རྩོམ་དང་ཤེས་རབ་ལ་བརྟེན་ནས་སྙན་ངག་འབྲི་དགོས། དེ་ནི་"སྙན་ངག་པ་"ཟེར་བ་དེ་རེད། སྙན་ངག་གི་ཆེད་དུ་རང་ཉིད་བོར་ཞིང་། རང་ཉིད་ཀྱི་ཆེད་དུ་སྙན་ངག་བརྗེད་པ་ཅི་འདྲས་མང་ཨང་། 
 
༡༤/༠༥/༢༠༡༣
Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།