མི་ཡུལ་གྱི་ལྷ་མོ།

22/07/2014 18:06



             མི་ཡུལ་གྱི་ལྷ་མོ།

                      - ཆུ་ཤེལ་བུམ་པར་བྲིས།
འབའ་སྲས།

རི་དྭགས་མིག་མཚུངས་སྤྱན་གྱི་ཁང་བར་སྤྱང་གྲུང་འོད་ཀྱི་མེ་ལྕེ་འབར།། 
བིམ་པས་ཚོན་བསྒོས་མཆུ་སྒྲོས་ལས་ནི་ཨ་ཀ་རུ་ཡི་དྲི་བཟང་ལྡང་།། 
དམར་བོའི་མཁུར་ཚོས་འོད་ཀྱིས་འཁྱུད་པ་གུར་ཀུམ་ཁུ་བས་བྱུགས་པ་འདྲ།། 
ངག་སྒོ་སྙན་པའི་མགྲིན་པ་ལས་ནི་དབྱངས་ཅན་དགྱེས་པའི་དགོད་སྒྲ་ཐོས།།

སྣག་སྣུམ་སྐྲ་ཡི་འདབ་མ་དག་ནི་སྐེད་པའི་མཚམས་ན་འོད་ཀྱིས་དཔྱངས།།
ཅུང་ཟད་འབུར་བའི་དུང་གི་འོ་འཛིན་བྲང་གི་ངོས་སུ་མཛེས་པར་གནས།།
དྲང་དུ་སྐྱེས་པའི་སྐྱེས་གཟུགས་དེ་ཡིས་ཙ་རིའི་སྨྱུག་མ་དམན་སར་འགོད།།
མི་ཡི་ཚོགས་ན་ལྷ་མོ་ཡོད་ན་"ཆུ་ཤེལ་བུམ་པ"་ལྷ་མོ་དངོས།།

ཟུར་མིག་བསྐྱོད་པའི་ཆུ་འཛིན་གསེབ་ན་ཡིད་འོང་གློག་གི་ཞགས་ཐག་འཁྱུག །
འཛུམ་དང་དགོད་པའི་སྐད་ཆའི་ཁྲོད་ན་དོན་ལྡན་ཚིག་གི་གླུ་དབྱངས་སྙན།།
གདོང་དང་ལག་པའི་རྣམ་འགྱུར་བར་ན་སྨྱོ་བྱེད་ཆང་གི་བདུད་རྩི་འཛག །
བདག་ཉིད་བརྟན་པའི་ངང་ཚུལ་བསྲུངས་ཀྱང་ཁྱེད་ཀྱི་མདུན་ནས་རླུང་གིས་གཡོ།།

སྟོད་ལ་དཀར་དཀར་ལུས་ལ་གྱོན་པ་རྒྱ་གར་བུ་མོའི་གོས་ལྭ་འདྲ།།
སྨད་གཡོག་ཁྲ་ཁྲ་རི་མོ་ལྡན་པ་རྨ་བྱ་མྱོས་པའི་སྒྲོ་དང་མཚུངས།།
རྒྱབ་ཁུག་ཆུང་ཆུང་ལག་ཏུ་བཟུང་བ་དབྱངས་ཅན་ཕྱག་གི་པི་ཝང་འདྲ།།
ཕྱི་ཡི་ལུས་ཕུང་རྒྱན་དང་གོས་ཀྱིས་མཛེས་མ་དག་ལ་མྱ་ངན་སྟེེར།།

ཚུར་ལ་འཁོར་ནས་འཛུམ་མདངས་བསྟན་ན་ཟླ་བའི་འོད་ཟེར་འཕྲོས་པ་འདྲ།། 
ཕར་ལ་འགྲོ་དུས་རྒྱབ་ནས་བལྟས་ན་རྨ་བྱ་སྒེག་མོའི་འགྲོས་དང་མཚུངས།། 
ལུས་ཀྱི་གཡས་གཡོན་གང་ནས་བལྟས་ན་ཐིག་ལེ་མཆོག་མ་མིན་ནམ་བསམས།། 
སུ་ཡིས་མཐོང་ན་མི་མཐུན་མེད་པས་ཕོ་སར་སྟོང་གི་རྣམ་ཤེས་འགུག །

འཛོམས་པ་ཡག་མོའི་ཟ་ཁང་དེ་རུ་མཉམ་དུ་རྐུབ་སྟེགས་གཅིག་ལ་བསྡད།།
བཞེས་རོགས་ཟེར་ནས་འོ་ཇ་འདྲེན་དུས་བདག་གི་ལག་པ་འདར་འདར་བྱེད།།
ཁྱེད་ཀྱི་མཛེས་པའི་འཛུམ་མདངས་དེ་ཡིས་ཁོ་བོའི་མིག་གཉིས་འཕྲུལ་བར་བྱས།།
མི་ཡུལ་ལྷ་མོ་ཞིག་གི་མཉམ་དུ་ཟས་ལ་རོལ་བའི་ལས་སྐལ་བཟང་།།

ཆུ་མགོ་ཟ་ཁང་ཆུང་ཆུང་ཟ་མ་དེ་ཙམ་ཞིམ་པ་མེད་ན་ཡང་།།
ཀུ་རེ་གཏམ་དང་རྩེད་དགོད་ཁྲོད་ནས་མཉམ་དུ་ཟོས་པ་ཅི་འདྲའི་ཞིམ།།
མཚན་མོའི་གློག་དང་ཟླ་འོད་འདྲེས་པའི་ལམ་འགྲམ་དེ་རུ་བགྲོད་པའི་ཚེ།།
དཔུང་བས་དཔུང་བར་རེག་པ་ཡི་གྱིས་སྙིང་གི་རྡོ་རིང་གཡོ་བར་བྱེད།།

ཅུང་ཟད་འཕྲོ་བའི་ཟླ་འོད་འོག་ཏུ་ཁྱེད་ཀྱི་ཞལ་རས་མཛེས་ཤིང་གསལ།།
ལམ་འགྲམ་སྡོང་བོ་དྲང་དུ་སྐྱེས་ཀྱང་ཁྱེད་ཀྱི་འགྲམ་ན་འཁྱོག་ཏུ་མཐོང་།།
རྒྱུ་སྐར་ཚོགས་ནི་འཚེར་བ་མཛེས་ཀྱང་ཁྱེད་ཀྱི་མིག་གི་དོ་ཟླ་མིན།།
ས་ཆ་དེ་རུ་ཁྱེད་ལ་འགྲན་ནུས་སྒོར་གྱིས་ཉོས་ཀྱང་རེག་པ་མེད།།

ཁོ་བོ་འདི་ནས་ཡུན་རིང་སྡོད་སྐབས་འདི་གའི་བུ་མོ་མཛེས་པར་མཐོང་།།
ད་ཐེངས་ཁྱེད་ལ་ཐེངས་གཅིག་མཇལ་དུས་"ཧྥ་གོ"མཛེས་མ་མོ་ལུས་ཙམ།།
ཁྱེད་ཀྱི་གཟུགས་བརྙན་ཡིད་དུ་སྒོམ་ནས་བདག་ནི་འདི་རུ་བསླེབས་པ་ན།།
ཁྱེད་ཀྱི་སྐྱེས་ལུས་དྲན་པ་ཙམ་གྱིས་མགོ་སེར་མཛེས་མའི་ལང་ཚོ་ཉམས།།

མཛེས་པ་གང་ཞིག་མིག་གིས་མཐོང་ན་ཁྱེད་ལ་འཕྲུལ་བའི་གཟུགས་བརྙན་སྟེར།།
སྙན་པའི་སྒྲ་དབྱངས་རྣ་ཡིས་ཐོས་ན་ཁྱེད་ཀྱིས་སྙན་ངག་གྱེར་བ་ཐོས།།
ལག་པའི་སོར་མོས་གང་ལ་རེག་ན་ཁྱེད་ཀྱི་བྲང་ཁར་རེག་པ་འདྲ།།
དངོས་སུ་མིན་ཡང་དྲན་སྣང་འདི་ཡིས་ཁྱེད་ནི་མིག་ལ་རི་མོ་བྲི།།

ཞོགས་པའི་ཉི་མ་ཤར་བ་མཐོང་ཚེ་ཁྱེད་ཀྱི་འཛུམ་མདངས་ཡིད་ལ་དྲན།།
མཚན་མོའི་ཟླ་བ་བགྲོད་པ་རིག་ན་ཁྱེད་ཀྱི་ཞལ་རས་རྒྱས་པ་མཐོང་།།
འོད་དུ་འཚེར་བའི་སྐར་མ་དག་གིས་ཁྱེད་ཀྱི་མིག་གི་མཛེས་པ་སྟོན།།
མཁའ་རུ་རྒྱུ་བའི་ཉི་ཟླ་སྐར་གསུམ་ས་ལ་ལྷུང་ན་ཁྱོད་དང་འདྲ།།

ད་ནི་ཁྱེད་ཀྱི་མཛེས་པ་མི་གླེང་སྟག་ཤར་དག་གིས་སྒེར་འབྲེལ་བྱེད།།
ཁ་པར་ནང་དུ་ཏིར་སྒྲ་གྲགས་ནས་མཚན་གང་གཉིད་དུ་ག་ལ་འཇུག །
ཁྱོད་དང་ང་ཡི་རོལ་རྩལ་མི་འབྲི་སྨན་ཆུང་མ་རྣམས་ང་ལ་སྡང་།།
སྐད་འཕྲིན་ལམ་ནས་ཁྲོ་བ་བསྟན་ན་ངས་ཀྱང་ཉིན་མཚན་ག་ལ་ཆོད།།

ཚོན་ལྡན་པྲ་མོའི་མཚན་སྙན་འཛིན་དུས་གྲྭ་བ་དག་གིས་དྲ་སྒོ་བརྡུངས།།
ཆུ་ཤེལ་བུམ་པའི་མིང་ལ་བརྗེས་རྗེས་ཕོ་སར་དག་གིས་རྒྱ་སྒོ་རྫོག །
སྙན་ངག་པ་ཡི་སྙུ་གུའི་རྩེ་ནས་ཁྱེད་ཀྱི་མིང་གི་ཡང་ཡང་བོས།།
འདི་དག་ཚང་མ་འགྲམ་ལ་འཁོར་ན་ཁྱེད་ཀྱིས་ཡ་ལན་ཇི་ལྟར་སློག །

དེས་བས་ཁྱེད་མིང་ཡང་ཡང་མི་ཟློ་སྙན་ངག་འདི་ཡང་འདི་ནས་རྫོགས།།
འབྲི་བ་བོ་ནི་འབའ་སྲས་མ་སྒྲོགས་བདག་གིས་གཞན་ལ་གསང་བ་བྱེད།།
ཁྱེད་དང་ང་ཡི་གསང་བ་དག་ནི་ནམ་ཡང་གཉན་པོ་གསང་བ་སྟེ།།
གནམ་ས་གཉིས་ལ་ཤེས་སུ་མ་འཇུག་ཁྲོ་བོ་དག་གིས་བཀའ་སྐྱོན་ཕོག །

༢༣/༠༩/༡༣



Sent from my iPhone

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།