མི་རབས་གསར་བའི་དྲི་བ་ཞིག

18/10/2012 20:17

    མི་རབས་གསར་བའི་དྲི་བ་ཞིག

ཡིད་འོང་རང་བྱུང་སྤྲིན་པ་དཀར་པོ་བརྩེ་དུང་འཕྲིན་གྱི་ཕོ་ཉར་བསྐོས།།
དཔུང་བར་རྒྱུ་བའི་གདུ་བུ་དག་ལ་དྲན་པས་གདུང་བའི་གཟུགས་རིས་ཕབ།།
རི་ཚོགས་ནགས་དང་ཆུ་ཕྲན་ལ་ཡང་སྐྱོ་བ་སངས་པའི་གདོང་གྲོགས་ཞུས།།
དགའ་མ་དྲན་པའི་གདུང་དབྱངས་སྙན་ངག་དེ་རིང་ད་དུང་རྒས་མེད་དམ།།

དགའ་མའི་དོན་ལ་རྒྱལ་ས་དོར་ཞིང་ནགས་ཀྱི་ལོ་མ་གདན་དུ་བྱས།།
ཞི་བའི་ཏིང་འཛིན་ནགས་ནས་སྒོམ་ཞིང་གྲོང་གི་བུ་མོ་ཁབ་ཏུ་བཞེས།།
འཕྲུལ་གྱི་རི་དྭགས་མདའ་ལྔས་བདས་ཀྱས་རྐང་རྗེས་སྤྱན་གྱིས་མ་གཟིགས་པའི།།
སྒྲ་སྒྲོགས་བཅོམ་མཁན་རྒྱལ་བོ་དེ་ཡི་གཏམ་རྒྱུད་ད་དུང་རྫོགས་མེད་དམ།།

དབྱུག་པར་བརྟེན་པའི་དྲང་སྲོང་བགྲེས་པོས་གཞོན་ནུ་བུ་དག་དགའ་བྱེད་ལ།།
འདི་ལ་ལྟོས་དང་ངག་རིག་བུ་མོའི་ཟླུམ་ཞིང་འབུར་བའི་འོ་འཛིན་དག །
མཐོང་ཞེས་མེ་ལོང་ཕྱིས་རྡར་ངོས་སུ་འཆར་བའི་སྒྲ་དོན་གཟུགས་བརྙན་དེ།།
བཅུ་དྲུག་གཞོན་ནུའི་ལང་ཚོ་བཞིན་དུ་ད་དུང་མིག་ལ་འཚེར་ཡོད་དམ།།

མ་སྐྱེས་ཨ་མའི་ཞལ་རས་སྒོམ་སྟེ་སྐྱིད་ཆུའི་ཀློང་ལ་གྱེར་བའི་གླུ།།
གཏན་དུ་གྱེས་མིན་ལི་ཐང་བསྐོར་ནས་སླར་ཡང་བསླེབ་ཅེས་གསུངས་པའི་མགུར།།
བར་སྐོར་འབངས་ལ་གྱེར་བའི་སྙན་ངག་གངས་ལ་བཀོད་པའི་རྐང་རྗེས་བཞིན།།
ཁ་བའི་ངོས་སུ་ཉི་མས་མ་བཞུས་ད་དུང་གསལ་བར་གནས་ཡོད་དམ།།

རྒྱལ་ཁམས་འགྲིམས་པའི་མིག་ཟུར་འཕངས་པ་ན་ཆུང་བུ་མོའི་སྙིང་ལ་ཟུག །
འཇིག་རྟེན་འདོད་པ་ཉམས་སུ་མྱངས་པ་ཤོག་བུ་དཀར་བོའི་ངོས་ལ་ཕེབ།།
སྐུ་དྲག་ཞིག་གི་མཐེ་བོང་བར་ནས་ཕྱི་མའི་ཡུལ་གྱི་མཛེས་པ་མཐོང་།།
མ་འདས་འདོད་པའི་བསྟན་བཅོས་བང་སོ་ད་དུང་མ་འཇིག་བརྟན་ཡོད་དམ།།

རྐང་ལམ་ཕྲ་མོ་དེད་ནས་འགྲོ་དུས་སྤྲུལ་སྐུ་ཞིག་ལ་ལམ་ནས་འཕྲད།།
རྫུན་མའི་དཔང་རྟགས་རུམ་ནས་ལྷུང་བས་ཞེ་ལོག་རལ་གྲི་ལག་པས་གདེངས།།
དགོན་པའི་བླ་མའི་མདུན་དུ་མ་ཁྲིད་སྒེར་གཅོད་ཁྲིམས་ཀྱི་བཙོན་ལ་བཅུག །
གཞན་བསྟུན་རང་ལུགས་རྣམ་ཤེས་སྤྲུམ་པའི་སྒྲུང་དེ་ད་དུང་རྫོགས་མེད་དམ།།

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།