མིག་གིས་འཁྱུད།

22/07/2014 21:50

     


             མིག་གིས་འཁྱུད།


འབའ་སྲས།


ལང་ཚོའི་མྱོས་བུམ་དུད་པའི་ཁུར།།


ཆགས་རྒྱས་སྙིང་གི་ལུས་ཕྲ་མ།།


ཤར་ཕྱོགས་དུང་རིའི་ཟླ་བ་བཞིན།།


འཛུམ་དཀར་འོད་ཀྱིས་འཁྱུད་པ་མཐོང་།།



གཟུགས་ཀྱི་ཙན་དན་རྒྱས་པ་རུ།།


ཁྱབ་པའི་དྲི་བཟང་ལྡང་བ་ནི།།


བསིལ་རླུང་རྐང་པའི་འཕེན་རྩལ་གྱིས།།


དྲི་འཛིན་ཀློང་ཆེན་དོག་པར་བྱས།།



རྐང་ཞབས་ས་ལ་དྲུད་པའི་རྡུལ།།


དེ་ཡང་རླུང་གིས་བསྐྱེལ་བ་ན།།


རིང་བའི་ཆགས་ཅན་སྙིང་གི་བུས།།


གསེར་བྱེ་འཛིན་པའི་དཀའ་བ་བརྟེན།།



ཞལ་བཟང་ཟླ་བའི་དཀྱིལ་འཁོར་ནི།།


བརྣག་དཀའི་མུན་པ་སྟུག་པོའི་གཏིང་།།


རྨང་ནས་སེལ་བའི་རེ་བ་རུ།།


ལུས་ཅན་ཀུ་མུད་དག་གིས་ལྟ།།



བྲང་སྐྱེས་རིན་ཆེན་ཤ་རྡོག་ཟུང་།།


དལ་གྱིས་བགྲོད་པས་ལྡེམ་པ་ནི།།


འཇིགས་ཤིང་ཞུམ་པའི་ཁོག་གི་སྙིང་།།


ནུ་མའི་རྟེན་དུ་ལྡིང་བ་འདྲ།།



བིམ་པའི་ཁ་སྒོ་འཛུམ་པའི་ལྟེར།།


ལྕེ་ཡི་ཟེའུ་འབྲུ་དགོད་པ་ནི།།


སྦྲང་མའི་མཆུ་ལ་དོགས་པ་ཡིས།།


སོ་ཡི་འདབ་མ་རྒྱས་པས་བསྲུངས།།



ཟླ་བའི་གདོང་ལ་མཛེས་པའི་སྤྱན།།


ཨུཏྤལ་ནགས་ཀྱི་འདབ་མ་རིངས།།


ས་ཡི་གདུ་བུ་ང་ཡིན་ཞེས།།


མིག་གི་དགྲ་རུ་བསླེབས་པ་བཞིན།།



སྣུམ་པོ་སྐྲ་ཡི་ནགས་ཚལ་ལ།།


རྒྱན་གྱི་མཛེས་བྱེད་འཛིན་པ་ནི།།


ལྷ་ཡི་དགའ་ཚལ་ཁོར་ཡུག་ཏུ།།


གསེར་གྱི་མེ་ཏོག་འཁྲུངས་སམ་སྙམ།།



བདག་གི་མིག་གི་མཁའ་ལ་ནི།།


མིག་ཡངས་ཟླ་བ་འདི་ཤར་བས།།


ཡིད་ཀྱི་མྱ་ངན་སེལ་བའི་སར།།


སྙན་ངག་ཀུན་ད་འདི་བཞད་དོ།།



༡༩/༡༡/༡༣ དགོང་མོར།






Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།