མིག་ཆུ་དབང་མེད་དུ་བཞུར།

07/02/2012 19:08

 

  དེ་རིང་ངའི་མིག་ཆུ་རང་དབང་མེད་པར་བཞུར་སོང་། སྤྱིར་ན་ངའི་མིག་ཆུ་ནི་ཧ་ཅང་འདོན་དཀའ་བ་ཞིག་ཡིན། དེ་རིང་གི་མིག་ཆུ་འདི་བཙན་གྱིས་བཀག་ཀྱང་མང་དུ་བཞུར་སོང་། ངའི་མིག་ཆུ་བཞུར་མ་ཐག་ངའི་དགེ་རྒན་ངའི་མདུན་དུ་རྒྱུགས་ཡོང་ནས་གང་བྱས་སོང་། གང་བྱས་སོང་ཞེས་ནན་གྱིས་དྲིས། ངའི་མིག་ཆུ་མང་ནས་མང་དུ་ཕྱིན་པ་མ་ཟད་ངུ་སྐད་ཀྱང་ཤོར་སོང་། དགེ་རྒན་དང་སློབ་གྲོགས་ཚང་མ་རིག་རིག་ཏུ་གྱུར།

    ངའི་དགེ་རྒན་བུད་མེད་ལོ་ཆུང་ཞིག་ཡིན་ལ། ངའི་འཛིན་གྲྭའི་ནང་རྒྱལ་ཁབ་བརྒྱད་ནས་ཡོང་བའི་མི་རིགས་མ་འདྲ་བ་དྲུག་ལས་གྲུབ་པའི་བསྡོམས་པའི་སློབ་མ་བཅུ་བཞི་ཡོད། ངའི་ངུ་སྐད་མཐོ་རུ་ཕྱིན་པས་དགེ་རྒན་ཡང་ཧ་ལས་ནས་སློབ་གྲྭའི་འགན་འཛིན་སྐད་གཏོང་དུ་ཆས་སོང་། ཅུང་མ་འགོར་བར་ངའི་དགེ་རྒན་དང་སློབ་གྲྭའི་འགན་འཛིན་གཉིས་འཛིན་གྲྭའི་ནང་བསླེབས་ནས་ང་ལ་ག་རེ་བྱས་སོང་ཞེས་ཡང་ཡང་དྲིས་བྱུང་། ངས་ཁ་བརྡ་དྲ་ངོས་ཀྱི་པར་དེ་གསུམ་བསྟན་པ་ལས་ཅི་ཡང་བཤད་མ་ཐུབ། ཁོ་ཚོ་ཚང་མས་ཚང་ཁ་ཤིག་ཤིག་གིས་པར་ལ་ལྟ་བཞིན་འདུག 

ཁོང་ཚོས་ང་ལ་འདི་ག་རེ་རེད། ག་རེ་བྱས་པ་རེད། ཁོང་མེ་ལ་བསྲེགས་འདུག ཁྱེད་ཀྱི་ནང་མི་ཞིག་རེད་དམ། མེ་ལ་བསྲེགས་དགོས་པའི་རྒྱུ་མཚན་བཅས་དྲིས་བྱུང་། ང་ངུ་བཞིན་ངུ་བཞིན་ཁོང་ངའི་ནང་མི་ཞིག་མིན། ཁོང་ང་དང་རིགས་གཅིག་པའི་བོད་པ་ཞིག་རེད། ཁོང་སྤྲུལ་སྐུ་ཞིག་རེད། ཁོང་གི་མིང་ལ་སྤྲུལ་སྐུ་བསོད་བྷོ་ཟེར། ཁོང་རླབས་ཆེ་བའི་མི་སྣ་ཞིག་རེད། ཁོང་མེ་ལ་བསྲེགས་འདུག རྒྱ་གཞུང་གིས་བཙན་གནོན་བྱས་པས་མེ་ལ་བསྒྲོན་པ་རེད། ཁོང་གི་ཆེད་དུ་མ་རེད། བོད་མི་ཡོངས་རྫོགས་ཀྱི་ཆེད་དུ་རེད། རྒྱ་གཞུང་གིས་བོད་ལ་བཙན་གནོན་བྱས་ཏེ་བོད་མི་རྣམས་འུ་ཐུག་ཐབས་ཟད་ཀྱིས་གཅིག་རྗེས་གཉིས་མཐུད་ཀྱིས་རང་ལུས་རང་གིས་མེ་ལ་བསྒྲོན་དགོས་ཐུག་པ་རེད་ཅེས་བཤད། དེ་མ་ཐག་ཧོང་ཀོང་ནས་ཡོང་བའི་རྒྱ་མི་སློབ་གྲོགས་ཤིག་གིས་བདེན་པ་རེད་གུང་ཁྲན་ཏང་གིས་བོད་མི་ལ་སྡིག་རྩུབ་གཏོང་བཞིན་པ་ངས་ཤེས་ཀི་ཡོད། ང་རྒྱ་ཡིན་ཡང་རྒྱ་ནག་སྲིད་གཞུང་ལ་གཏན་ནས་མི་དགའ། རྒྱ་ནག་སྲིད་གཞུང་གིས་མི་ཤ་ཟ་གི་རེད། མི་ཁྲག་འཐུང་གི་རེད། ངའི་ཤ་ཁྲག་རྒྱ་ཡིན་ཡང་ང་རྒྱ་ཡིན་ཟེར་རྒྱུ་ངོ་ཚ་གི་འདུག དེ་བས་ང་ཧོང་ཀོང་ཡིན་ཟེར་བ་ལས་རྒྱ་མི་ཡིན་ཟེར་གི་མེད་ཅེས་བཤད་བྱུང་། 
  
དེ་ནས་སློབ་གྲྭའི་འགན་འཛིན་གྱིས་ང་ལ་སེམས་མ་སྐྱོ། ཁྱེད་རང་ཚོ་ལ་ཏཱ་ལའི་བླ་མ་ཡོད་རེད། ང་ཏཱ་ལའི་བླ་མ་ལ་ཧ་ཅང་དགའ། ཏཱ་ལའི་བླ་མ་འཛམ་གླིང་སྟེང་གི་ཞི་བདེ་དེད་དཔོན་རེད། ཁོང་ལ་ཞི་བདེ་བཟང་རྟགས་འཐོབ་པ་ངས་དྲན་གི་འདུག ངས་ཏཱ་ལའི་བླ་མས་བརྩམས་པའི་དཔེ་དེབ་བཀླགས་མྱོང་། ཁོང་གི་སེམས་པ་ཧ་ཅང་རྒྱ་ཆེན་པོ་རེད། ཁོང་གིས་བོད་གཅིག་བུ་མ་རེད་འཛམ་པོ་གླིང་ལ་བསམ་བློ་གཏོང་གི་འདུག་ཟེར།  ངས་མིག་ཆུ་ཕྱིས་ཤོར་དུ་རེད། རེད་ཅེས་ཟེར་བ་ལས་ཅི་ཡང་བཤད་མ་ཐུབ།

སློབ་གྲྭའི་འགན་འཛིན་གྱིས་ང་ལ་སེམས་གསོ་འདི་ཙམ་བྱས་ནས་ཕྱིར་བུད་སོང་། དགེ་རྒན་དང་སློབ་གྲོགས་ཚང་མས་ང་ལ་འདི་ལྟར་དྲིས་བྱུང་། ད་བོད་པ་ཚང་མས་ཅི་ཞིག་བྱེད་ཀི་རེད། ཁོང་གི་ཆེད་དུ་མ་ཎི་འདོན་གི་རེད། ཡང་ན་གཞན་ཞིག་བྱེད་ཀི་རེད། ཁྱོད་ཀྱིས་ཅི་ཞིག་བྱ་བརྩི་ཡོད་ཟེར། དྲི་བ་འདི་ནི་ཆེས་ལྗིད་ཁོག་ཆེ་བ་ཞིག་རེད་ཨང་། 

    སློབ་གྲྭ་གྲོལ་རྗེས་ངས་ལམ་བར་དུ་རང་ཉིད་ཀྱིས་ཅི་ཞིག་བྱ་དགོས་སམ། ཅི་ཞིག་བསྒྲུབ་དགོས་སམ། བསམ་བཞིན་བསམ་བཞིན་ནང་དུ་བསླེབས། ནང་དུ་སླེབས་མ་ཐག་མཆོད་མེ་རྐང་གཅིག་བསྒྲོན། མཆོད་མེ་འོད་སྣང་ཇེ་གསལ་ནས་ཇེ་གསལ་རེད། མཆོད་མེ་འོད་སྣང་དང་འགྲོགས་ནས་ང་གཉིད་དུ་གཡེར། ངའི་རྨི་ལམ་དུ་གཉིད་མི་རུང་། གཉིད་མི་རུང་། ཚང་མ་གཉིད་མི་རུང་ཞེས་སྐད་འབོད་བྱེད་བཞིན་འདུག

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།