ནམ་མཁའ་སེན་མོས་མ་དྲད།།
ས་གཞི་རྐང་བས་མ་བརྡུངས་།།
ཞི་བདེའི་མེ་ལྕེ་དམར་པོ།།
རིན་ཆེན་ལུས་ཀྱིས་བསྒྲོན་སོང་།།

དགྲ་ལ་རལ་གྲི་མ་གདེངས།།  
རྩུབ་པའི་འཁོར་ལོ་མ་བསྐོར།།
ཞི་བདེའི་མེ་ཡི་དཀྱིལ་འཁོར།།
ས་གཞིའི་སྙིང་ལ་བཞེངས་སོང་།།

དཔའ་བོའི་སྙིང་སྟོབས་རེ་རེ།།
དམར་པོ་མེ་རུ་བསྒྲོན་སོང་།།
འཛམ་གླིང་སྟོང་བ་མིན་ན།།
བོད་ལ་སྤྱན་གྱིས་གཟིགས་རོགས།།

བོད་ཀྱི་དཔའ་བོ་དཔའ་མོ།།
ཞི་བདེའི་དེད་དཔོན་རེ་རེ།།
སྐུ་སྲོག་མེ་ཡི་མཆོད་པ།།
བོད་སྐྱོབས་གདུངས་དབྱངས་རེ་རེ།།

བོད་ལ་རང་དབང་མི་འདུག །
བོད་ལ་དྲང་བདེན་མི་འདུག །
བོད་ལ་རྒྱབ་སྐྱོར་ཡོད་ན།།
དེ་རིང་ཡར་ལ་ལོངས་ཤོག །
༠༩/༠༧/༢༠༡༢