མེད། ཡོད།

28/06/2011 20:04

 སྲིད་དོན་བྲག་གི་རི་ལ་འཛེགས་ཀི་མེད།། 

ཉོག་བཤད་གཏམ་གྱི་དོང་ལ་ལྷུང་གི་མེད།། 
སྒྱིད་ལུག་བྱེས་མའི་ཐང་ནས་གཉིད་ཀི་མེད།། 
སྙན་ངག་ལམ་ཕྲེང་དེད་ནས་འགྲོ་གི་ཡོད།། 

ཕྲག་དོག་མིག་གིས་གཞན་ལ་ལྟ་གི་མེད།། 
ཧམ་པའི་ལག་པ་ཀུན་ལ་སྲིང་གི་མེད།། 
གཡོ་སྒྱུ་རྔ་མ་གང་སར་གཡུག་གི་མེད།། 
སྙན་ངག་སེམས་ཀྱི་ཚོར་བ་འབྲི་གི་ཡོད།།

ཁྱིམ་གྱི་འབྱོར་བའི་གྲངས་ཀ་བཤད་ཀི་མེད།། 
ཐུན་གསུམ་ཟས་ཀྱི་བྲོ་བ་གླེང་གི་མེད།།
བཟའ་ཚང་བར་གྱི་བརྩེ་བ་བརྗོད་ཀི་མེད།། 
སྙན་ངག་སྙན་མོའི་གླུ་དབྱངས་གྱེར་གི་ཡོད།། 

ཕྱི་ལུས་གོས་ཀྱི་འགྲན་བསྡུར་བྱེད་ཀི་མེད།། 
ནང་སེམས་ཁྲོ་བའི་ཞེ་སྡང་སྟོན་གི་མེད།། 
ཁྱོད་ལས་ང་འོ་སྙམ་པ་འཛིན་གི་མེད།། 
སྙན་ངག་ཚོར་བའི་མཛེས་སྡུག་ངོམས་ཀི་ཡོད།། 

འཇིག་རྟེན་ཞིག་ལ་གསོལ་བ་འདེབས་ཀི་མེད།། 
རྒྱང་རིང་ཞིག་ལ་སྨོན་ལམ་རྒྱག་གི་མེད།།
རྨི་ལམ་ཞིག་ལ་སྒྲོན་མའི་སྦར་གི་མེད།། 
སྙན་ངག་ཟབ་མོའི་མ་ཎི་བགྲེང་གི་ཡོད།། 

ཆེན་པོ་ཞིག་ལ་རེ་བ་རྒྱག་གི་མེད།། 
མཐོན་པོ་ཞིག་ལ་སྟོང་སེམས་བཅིང་གི་མེད།། 
དམའ་བ་ཞིག་ལ་ལྷུང་འགྲོ་བསམ་གི་མེད།།
སྙན་ངག་ལས་སྐལ་འཐོབ་པས་དགའ་བསྡད་ཡོད།། 

རིག་རིག་གཉིས་ལ་ལག་འཇུ་བྱེད་ཀི་མེད།། 
ཐུག་ཐུག་སུ་ལ་བློ་སེམས་དྲང་གི་མེད།། 
བཤད་བཤད་ཚང་མ་ཡིད་ལ་འཛིན་གི་མེད།། 
སྙན་ངག་བུ་མོར་སྙིང་ལ་བཟུང་བསྡད་ཡོད།། 

མཐོང་མཐོང་ཡོད་ཚད་མཛེས་པར་ལྟ་གི་མེད།། 
ཐོས་ཐོས་ཚང་མ་བདེན་པར་གོ་གི་མེད།། 
ལས་ལས་ཚང་མ་མཆོག་ཏུ་འཛིན་གི་མེད།། 
སྙན་ངག་འཁྱུག་པས་འདོད་པ་ཚིམས་བསྡད་ཡོད།།

 

Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།