ཚེ་རིང་ལྷ་མོ་དགྱེས་པའི་མཆོད་པ།
19/11/2011 15:43
ཀ་ཡེ་དྲ་གྲོགས་ཚེ་རིང་ལྷ་མོ་ལགས།།
ཁ་ཡག་ངོ་དགའ་མི་ཞུ་དྲང་མོར་བཤད།།
ག་དུས་ཡིན་ཡང་ཁྱེད་ཀྱི་རྩོམ་ཡིག་ལ།།
ང་རང་དུས་ཚོད་མེད་ཀྱང་ཀློག་གི་ཡོད།།
ཅ་དག་རྩོམ་ཡིག་འབྲི་མཁས་ཁྱོད་དང་ང་།།
ཆ་ཡོད་རྒྱུས་ཡོད་ངོ་ཤེས་མིན་ན་ཡང་།།
ཇ་དང་འོ་མ་བཞིན་དུ་ལྟ་བ་མཐུན།།
ཉ་ཉོག་ཀླན་ཀ་འཚོལ་བའི་སེམས་པ་མེད།།
ཏཱ་ལེ་བླ་མའི་འབངས་མི་བོད་མི་ཚོ།།
ཐ་ཐོར་བྱས་ནས་གང་སར་གནས་པའི་ནང་།།
ད་ལྟ་བཞིན་དུ་རྩོམ་ཡིག་འབྲི་བ་བོ།།
ན་གཞོན་བུ་མོ་ཁྱོད་འདྲ་དཀོན་པོ་རེད།།
པ་སངས་ལྟ་བུའི་རྩོམ་གྱི་བརྗོད་བྱ་བཟང་།།
ཕ་རོལ་གོང་དུ་བཀུར་བའི་གཤིས་སྤྱོད་ལེགས།།
བ་རི་ལོ་ཙཱ་རིན་ཆེན་གྲགས་པའི་ལུགས།།
མ་དོར་སེམས་སུ་གཉེར་བ་ཐུགས་རྗེ་ཆེ།།
ཙ་རིའི་ཡུལ་དང་འཕགས་ཡུལ་རྒྱ་གར་དུ།།
ཚ་ཚ་འུར་འུར་བྱེད་མཁན་མང་ན་ཡང་།།
ཛ་པྲའི་དབྱངས་དང་ལྡན་པའི་སྙན་ངག་མཁན།།
ཝ་ལེར་བསམ་ན་ཁྱོད་འདྲ་རེ་རེ་ཙམ།།
ཞྭ་མོ་བཞིན་དུ་གོང་དུ་བཀུར་ནི་མིན།།
ཟ་འདོད་ཆེ་བའི་རེ་བ་གཞན་པ་མེད།།
འ་ཅག་བུད་མེད་ཁྲོད་ན་རྩོམ་འབྲི་བ།།
ཡ་རབས་ཁྱོད་འདྲ་ཡོད་ན་དགའ་ནི་ཡིན།།
ར་མ་ལུག་གི་རྫི་བོ་ང་འདྲ་བ།།
ལ་རྒྱ་བོད་ལ་མེད་མཁན་རྒྱ་འདྲ་བ།།
ཤ་ཁྲག་རིགས་རྒྱུད་རླག་མཁན་འདྲེ་འདྲ་བ།།
ས་སྟེང་འདི་ན་བརྩིས་ཀྱང་གྲངས་ཀ་མེད།།
ཧ་ཅང་རྒྱང་ཐག་རིང་པའི་ནུབ་ཕྱོགས་ནས།།
ཨ་ཅེ་ཁྱེད་ལ་སྤྲིངས་པའི་སྐད་ཆ་འདི།།
ཧ་ཅང་སྙན་པ་དེ་ཙམ་མ་བྱུང་ཡང་།།
ཨ་ཅེ་དགའ་བའི་གཅེས་སུ་འགྱུར་བར་སྨོན།།
Tags:
———
Back