འགྲོ་སྟངས་གཞན་ཞིག

22/07/2014 15:14

      འགྲོ་སྟངས་གཞན་ཞིག་འཚོལ་བ།


འབའ་སྲས།


མི་ཞིག་མདུན་དུ་བསྐྱོད་བཞིན་རྒྱབ་ཏུ་ལྟ།།

གཞན་ཞིག་ཕྱི་ལ་ནུར་བཞིན་མདུན་དུ་གྱེར།།

མདུན་རྒྱབ་རྐང་བས་བགྲོད་པའི་གོམ་མཚམས་ནས།།

ད་དུང་འགྲོ་སྟངས་གཞན་ཞིག་ཡོད་པ་འདྲ།།


མི་ཞིག་དགོད་ཅིང་འཛུམ་བཞིན་ཚུར་ལ་འོང་།།

གཞན་ཞིག་སྐྱོ་ཞིང་ངུ་བཞིན་ཕར་ལ་འགྲོ །

ཕན་ཚུན་ལམ་ཁ་གྱེས་པའི་བར་སྟོང་ནས།།

ད་དུང་འགྲོ་སྟངས་གཞན་ཞིག་ཡོད་པ་འདྲ།།


མི་ཞིག་ངལ་ཡང་ད་དུང་རྩོལ་བར་བྱེད།།

གཞན་ཞིག་མ་ངལ་ཐང་ཆད་ཉལ་ས་འཚོལ།།

ལྕི་ཡང་གོ་བཟློག་བྱེད་པའི་ལམ་སྣེ་ནས།།

ད་དུང་འགྲོ་སའི་ལམ་ཞིག་ཡོད་པ་འདྲ།།


དགའ་བའི་དུས་སུ་གད་མོ་དགོད་པའི་ལམ།།

སྐྱོ་བའི་ཚེ་ན་མཆི་མ་ལྷུང་བའི་ལམ།།

ལམ་དེ་ཐུན་མོང་ཉིད་དུ་གྲུབ་ན་ཡང་།།

ད་དུང་ལམ་ཞིག་གཞན་དུ་ཡོད་པ་འདྲ།།


ལམ་དེ་འཚོལ་མཁན་ཁྱོད་དང་ང་ཡང་ཡིན།།

ཡིན་ཡང་ལམ་དེ་སེམས་ཀྱི་གསང་བ་གཅིག །

གཅིག་གིས་གཅིག་ལ་མི་བཤད་འགྲོ་སྟངས་འདི།།

འདི་འདྲའི་ལམ་གྱི་འགྲོ་སྟངས་ཚང་མའི་ལམ།།


༡༣/༠༣/༡༤ དགོང་དྲོར།


Back

Search site

དྲ་ངོས་འདིའི་བདག་དབང་ཡོད་ཚད་རྩོམ་པ་པོ་ཁོ་ནར་དབང་བ་ཡིན།