འཇིག་རྟེན་རྫུན་དང་ཕྲ་མས་འཇིག
13/01/2013 19:38 འཇིག་རྟེན་རྫུན་དང་ཕྲ་མས་འཇིག
མི་ནི་མི་ལ་སྐྲག་དགོས་འཇིག་རྟེན་འདི་རུ།།
མིའི་མགོ་མི་ཡིས་གཅོད་པའི་དུས་རབས་འདི་རུ།།
རྫུན་དང་ཕྲ་མའི་ལྕགས་ཀྱི་མཚོན་ཆ་མེད་ན།།
དྲང་བདེན་དབྱུག་པ་བཟུང་བས་རྒྱལ་ཁ་མི་འཐོབ།།
མིའི་ཁོག་མི་ཡིས་མི་ལོན་འཇིག་རྟེན་འདི་རུ།།
རྡོ་ཁོག་ཆུ་ཡིས་མི་སིམས་དུས་རབས་འདི་རུ།།
རང་ཉིད་རང་ལ་ཡིད་ཆེས་བྱེད་པ་མ་གཏོགས།།
གཞན་ལ་བློ་གཏད་མང་ན་རང་ཉིད་བོར་འགྲོ །
བརྟག་དཔྱད་རིག་པས་མི་བརྡར་མི་ཡིས་ཅི་བཤད།།
བདེན་ཞེས་ཡིད་ཆེས་སོར་མོ་སྙིང་ཁར་སྦྱར་བས།།
དགུན་བཅུ་ས་ལ་བཙུགས་པའི་མེ་ཏོག་རྫུན་མ།།
མཆོད་པའི་ལྷ་དར་འཐེན་པའི་ཚུལ་འདི་བྱུང་ངོ་།།
བླ་མའི་ལུང་བསྟན་ཞིག་ལ་འཁྲུལ་བ་མེད་ཟེར།།
མཁས་པས་ཅི་གསུང་ཐམས་ཅད་ཡང་དག་ཡིན་ཟེར།།
ཚན་རིག་ཞིབ་འཇུག་བྱས་ལ་ནོར་བ་མེད་ཟེར།།
ཡིད་ཆེས་སྟོང་གི་མཐའ་མ་རང་ཉིད་ནོར་འདུག །
བོད་ཀྱི་ཡུལ་ལ་དགུན་བཅུ་མེ་ཏོག་འཁྲུངས་སོ།།
ཧྲང་ཧེར་ཉི་མ་གསུམ་ལྡན་ཤར་རོ་ཟེར་ནས།།
རྫུན་བཟོའི་རིགས་ལ་བཟང་ངན་མཚན་མ་རྩོད་མཁན།།
དྲ་ཐོག་མཁས་དབང་ཚོ་ཡང་རིག་པ་དམན་པ།།
མཚན་གསུམ་ཨ་རིར་ཉི་མ་ཤར་ནས་འདུག་ཟེར།།
ཉིན་གསུམ་ཡོ་རོབ་མུན་པ་འཐིབས་ནས་འདུག་ཟེར།།
ཟེར་མཁན་འདི་ཡང་དཀོན་མཆོག་ལུང་བསྟན་ཡིན་ཟེར།།
ཁ་སང་དེ་རིང་ཐམས་ཅད་སྐྲག་ནས་བསྡད་འདུག །
ཉིས་སྟོང་བཅུ་གཉིས་སྤྱི་ཚེས་བཅུ་གཉིས་ཉིན་གྱི།།
དུས་ཚོད་བཅུ་གཉིས་སྐར་མ་བཅུ་གཉིས་སྟེང་ལ།།
ས་སྒང་གོ་ལ་འཇིག་ཅེས་རྫུན་གཏམ་འདི་ཡིས།།
རྒན་རྒོན་བདེ་བོའི་མལ་དུ་ཉལ་དུ་མ་བཅུག །
ཕྱི་གླིང་མགོ་སེར་ཡུལ་ན་བཤད་ཚུལ་གཞན་ཞིག །
ཉིས་སྟོང་བཅུ་གཉིས་སྤྱི་ཚེས་ཉེར་གཅིག་ཉིན་ལ།།
གོ་ལ་འཇིག་པའི་ཉིན་མ་ཡིན་ཅེས་བསྒྲགས་ནས།།
ཟླ་བའི་ཁྱིམ་དུ་འབྲོ་བའི་ཐབས་ཤེས་སྟོན་གི །
དགུན་བཅུར་མེ་ཏོག་འཁྲུངས་ལ་ཡ་མཚར་མ་སྐྱེས།།
ལྷན་ཅིག་ཉི་མ་གསུམ་ཤར་དངངས་སྐྲག་མ་བྱུང་།།
རྫུན་གྱི་འཁོར་ལོ་བསྐོར་བའི་དུས་རབས་འདི་དང་།།
རྨོངས་པའི་དད་པ་ཅན་ལ་ཤིན་ཏུ་འཇིག་སོང་།།
༡༣/༡༢/༡༢
Tags:
———
Back