འདི་ཡང་སྒོར་མོ་འཚོལ་སྟངས་ཤིག
22/07/2014 15:41
འདི་ཡང་སྒོར་མོ་འཚོལ་སྟངས་ཤིག
འབའ་སྲས།
ཨ་རི་ཡོ་རོབ་རྒྱ་གར་ཁ་ན་ཏྲ།།
ཕྱི་སྡོད་བོད་མི་གནས་སའི་ཕྱི་རྒྱལ་ན།།
བྱིས་པ་ལོ་རེ་འཕར་བའི་ཟླ་ཚེ་དེ།།
སྒོར་མོ་འཚོལ་སྟངས་ཤིག་གི་རྣམ་པར་གྲུབ།།
སྔོན་དུ་ཟླ་ཁ་གང་ན་ཟླ་འཁོར་དང་།།
ལོ་གཅིག་ཚང་བའི་ལོ་སྐྲ་བཞར་སྟོན་ལས།།
ལོ་རེ་ཚང་ན་སྐྱེས་སྐར་དམིགས་བསལ་བ།།
མང་ཚོགས་དཀྱིལ་མའི་ཁྲོད་ན་ལུགས་དེ་མེད།།
ད་ནི་དུས་རབས་ཉེར་གཅིག་ཁ་ལ་གཡེར།།
མི་རིགས་གཞན་གྱི་འགྲོ་ལུགས་གཙོ་བོར་བཟུང་།།
བྱིས་པའི་སྐྱེས་སྐར་བཙོང་བའི་རྫས་སུ་བྱས།།
ངོ་ཤེས་ཡིན་མིན་ཚང་མ་མགྲོན་དུ་འབོད།།
ཨ་སྒོར་ཡོ་སྒོར་བརྒྱ་ཙམ་འགྲིག་འགྲིག་དང་།།
དེ་ལས་ཉུང་ན་མི་ངོ་མི་ལོན་པས།།
ཟླ་རེའི་ཟླ་ཕོག་ཉུང་བའི་ང་འདྲ་རྣམས།།
སྐྱེས་སྐར་མགྲོན་ཤོག་འབྱོར་ན་དཀའ་ངལ་ཆེ།།
དེ་ཡང་ལོ་གཅིག་ཡིན་ན་ཆོག་པ་ལ།།
ལོ་རེའི་རྗེས་ནས་རྒྱ་ཡང་ཆེ་རུ་འགྲོ །
བུ་གསུམ་ཡོད་ན་ལོ་གཅིག་ཐེངས་མ་གསུམ།།
དེ་འདྲའི་ཁྱིམ་ཚང་གཅིག་དང་གཉིས་ནི་མིན།།
བྱིས་པའི་སྐྱེས་སྐར་གཅིག་པུས་ཆོག་པ་ལ།།
ད་དུང་གཉེན་སྟོན་ཁང་སྟོན་རྣམ་པ་མང་།།
གཉེན་སྟོན་དེ་ཡང་ལོ་རེར་ཐེངས་མ་རེ།།
མདོར་ན་འདི་དག་ཚང་མ་སྒོར་མོའི་དོན།།
ད་དུང་ལེགས་སྐྱེས་ཡོད་ན་ཤོག་ཁྲ་ལས།།
དངོས་པོ་རྩེད་ཆོས་ལ་སོགས་མི་དགོས་པའི།།
ཁ་གསལ་གཏིང་གསལ་མགྲོན་ཤོག་གཏོང་ལུགས་ཀྱང་།།
དར་མགོ་བརྩམས་པའི་སྐད་ཆ་བདེན་པ་ཐོས།།
སྒོར་མོ་འཚོལ་སྟངས་རྣམ་པ་གསར་བ་འདི།།
སྡེ་ཆེན་རྩེད་ར་ཟེར་བའི་སྐད་འཕྲིན་ལས།།
རྒྱལ་ཁབ་གཉིས་ན་སྡོད་པའི་སྐྱེས་པ་གཉིས།།
འཁང་རའི་ཁ་བརྡར་ལྐོག་ཉན་བྱས་ཏེ་བྲིས།།
༢༧/༡༢/༡༣
———
Back


